R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༤༩༣
[A:༤༩༣]ད་ཆ་ཡར་བསྐྱེད་བཞེས་པ་ཞིག་ཨེ་ཡོང་གསུངས་མུར་གདུགས་དཀར་བྱད་འགྲོལ་སོགས་མཛད། ཞ་ལུ་ནས་བླ་གྲྭ་ཉི་ཤུ་སྐོར་གྱིས་བུ་ལུགས་བཟློག་ཆེན་བཞི། ཚེ་ཆོག །དོན་ཞགས་སོགས་དང༌། བླ་མ་ཡེ་ཤེས་གྲགས་པས་སློབ་དཔོན་མཛད་དེ་གདུགས་དཀར་མདོས་འཕེན་རྒྱུའི་སྔ་དྲོ་ཁོང་ལ་ཁྲག་རླུང་སྙུན་ཐུབ་བྱུང་བ་སོགས་འཚུབས་ཉམས་དང༌། དེ་མཚམས་ནས་འཇམ་མགོན་གཅུང་རིན་པོ་ཆེའི་གསུངས་ལས། བདེ་མཆོག་ནས་ཨ་ལྕེ་དྲུང་མཆེད་བྱོན་ན་གསུང་བར་རྗེ་ཉིད་ཀྱིས་སྟོན་ཀ་ཙམ་བྱོན་པས་འཐུས་གསུངས་པ་ཡིན་ཚུལ་མཛད་པས། སྟོན་སྒུག་ལོང་མི་ཡོང་ལགས་གསུངས་པ་དང༌། རྗེ་ཉིད་ཁའུར་སྨན་ཆབ་ལ་ཕེབས་གྲབས་ཀྱི་ཉེར་བསྡོགས་མཛད་པས། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་གི་གསུང་ལས་ཆབ་ཀྱང་འགྱངས་པ་དང་གཏར་ཁ་ནི་དེ་ལོ་ནས་བཟུང་ཇི་སྲིད་འཚོ་བའི་བར་མི་རུང་གསུངས་པའང་དོན་གནས་བཞིན་དེ་ནས་བཟུང་གནང་མ་དགོས་ཤིང༌། སྨན་པ་ཟུང་ནས་ཆུ་གཏར་གཉིས་ཀ་བཤོལ་ན་ཞབས་ལ་སྙུན་གཞི་བྱུང་དོགས་གླེང་བ་ལྟར་ཆུ་སྟོད་ཚེས་ལྔར་ཆབ་ལ་ཕེབས་རྩིས་ཀྱིས་ཚེས་བཞིར་ཞལ་དཀར་དཀོན་རྒྱན་ལ་གང་ཅི་ཞིབ་གླེང་གནང་བས། ད་ནངས་ཕྱག་རྩ་གདེང་ཁེལ་ཞིག་མི་འདུག་པས་ཆབ་བཤོལ་ཅིས་ཀྱང་གནང་དགོས་ཞུས་དོན་བཞིན་དང༌། དེ་ནས་ཇེ་ཞན་བཅས་སྐུ་དྲུང་དུ་ཕེབས་པས་བླ་སྨན་པ་མཆི་མ་འབྱིན་ཅིང་འདུག་པས་དེ་འཕྲལ་བདུད་རྩི་འཕེལ་གདུང་སོགས་ཞུ་བར་མཛད་ཅིང༌། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་སྤྱན་འདྲེན་མཛད་པས་དེས་ཀྱང་སྤྱན་ཆབ་ཉིལ་བཞིན་དུ་ད་སྐུ་ཞབས་རིན་པོ་ཆེ་འདིར་མ་བཞུགས་གསུང་པས་གཟིམ་སྤྱིལ་དུ་ཕེབས་ནས་ཐུགས་དམ་གསོལ་འདེབས་ལ་བརྩོན་པར་མཛད་པས་དར་ཙམ་ཞིག་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་གསན་