R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༠༨
[A:༥༠༨]པའི་རྩེར་སངས་རྒྱས་ཀྱི་རིང་བསྲེལ་རྗེ་ཉིད་ཀྱི་ཕྱག་བབས་ཇི་ཙམ་འདོད་པ་འཇོས་ཀྱང་མི་ཟད་པའི་གཏེར་ཆེན་འདི་ཉིད་ནས་བཅོ་ལྔ་དང་དེ་སྐབས་འཕྲལ་འབྱོར་ཉེར་ལྔ། ཁྱུང་པོའི་ཐུགས་བྱོན་རིང་བསྲེལ་གསུམ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས། འོད་ཟེར་དྲི་མེད་གཟུངས་མདོ་ཡུག་བྲིས། གདུགས་དཀར་སྐུ་གཟུངས་འཁོར་ལོ་རྣམས་བཞུགས་པར་རྗེ་ཉིད་ནས་རྒྱལ་མཚན་འཛུགས་ཆོག་དང་རབ་གནས་བསྡུས་པ་དུུ་མ། རྒྱས་པ་ཀྱེ་རྡོར་དཀྱིལ་ཆོག་དང་འབྲེལ་བ་ཞི་རྒྱས་སྦྱིན་སྲེག་བཅས་མཛད་དུས་ཤངས་འབའ་ར་སྤྲུལ་སྐུས་བུམ་པ་བཅུད་ལྡན་ཁ་རྒྱན་ཅན་གྱིས་ཐོག་དྲངས་དངོས་འབུལ་གྱ་ནོམ་པའང་མཆོད་སྡོང་གི་དྲུང་དུ་བཞེས་ཤིང༌། དའུ་དཔོན་དོན་ཡོད་ནས་གསེར་སྲང་བརྒྱ་ཕྲག་གི་འབུལ་བའང་ཞི་བའི་སྦྱིན་སྲེག་ཐོག་འབྱོར་བ་སོགས་མ་བསྒྲིགས་ལྷུན་གྲུབ་ཀྱི་ལ་ཉེ་ཕུན་སུམ་ཚོགས་ཤིང༌། བུམ་པ་ནི་ད་ལྟ་ཚོགས་ཆེན་རྣམ་རྒྱལ་སོགས་ལ་མཛད་པ་འདི་དང༌། གསེར་དེ་ལས་འོག་ནས་འབྱུང་བའི་བུམ་སྒོའི་གསེར་སྐུ་རྡོ་རྗེ་འཆང་བསྐྲུན་པར་མཛད། ཚུལ་འདི་ནི་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ལྷའི་གཙོ་བོ་ཟུང་ནས་གསེར་གྱི་འཁོར་ལོ་དང་དུང་དཀར་པོ་ཕུལ་བ་སོགས་དང་མཚུངས་པར་སེམས་ཤིང༌། དེའི་ཚེ་དཔོན་ལ་དགེ་བསྙེན་གྱི་སྡོམ་པ་ཕོག་སྟེ་ཀུན་དགའ་རྒྱལ་མཚན་དུ་མིང་འདོགས་མཛད། དཔོན་དེས་ཞབས་བརྟན་གསུང་རྩོམ་ཞུས་པར་བྱོན་དང་འབྱོན་འགྱུར་གྱི་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་འགྱུར་མེད་གཡུང་དྲུང་གནང་ནས་རེ་ཞིག་ཚོགས་འདོན་མ་མཛད་པར་སླར་ཆུ་ལུག་ལོ་ནས་གནང་ཆོག་བྱུང་བའང་མ་འོངས་མངོན་མཁྱེན་གྱི་རྟེན་འབྲེལ་བླ་མེད་དུ་སྒྲིགས་པར་མཛད་པ་གོར་མ་ཆག །རྟེན་བཞེངས་འདི་ཉིད་ཀྱི་གཟུངས་སོགས་སྐོར་ཞིབ་པར་བཀོད་ཅིང་གཞན་རྗེ་ཉིད་ཀྱིས་རྟེན་བཞེངས་གནང་