R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༣
[A:༥༡༣]ཆེར་ཡབ་ཡུམ་ནས་ཕྱག་གནང་སྟེ་ཡབ་ཀྱིས་ཡུམ་ལ་རྟེན་བཤད་གནང་རྩིས་ཀྱིས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་བཀྲ་ཤིས་ཚིགས་བཅད་གསུམ་སྔོན་འགྲོའི་རྟེན་བཤད་མཛད་སྐབས་སྐུ་འདྲ་རིན་པོ་ཆེ་གཞན་ལས་གསལ་ཞིང་དགྱེས་ཉམས་ཆེ་བ་ཞིག་འཁྲུངས་པ་ནི། ཡབ་ཡུམ་སྐུ་དྲིན་ཅན་ལས་གདུང་བརྒྱུད་རིན་པོ་ཆེ་ཞལ་རྣམ་པ་གཉིས་འབྱོན་པའི་སླར་འབྱུང་གི་རྟེན་འབྲེལ་བླ་ན་མེད་པར་ཡིད་གཉིས་དང་བྲལ། ཁྲུམས་ཟླའི་སྟོད་ལ་གོང་གི་གསེར་སྐུ་རྡོ་རྗེ་འཆང་ཡང་ཚར་ཕྱིན་ནས་ནང་གཟུངས་ཀྱི་གཙོ་བོ་གུ་རུ་རིན་པོ་ཆེའི་སྐུ་ཚབ་གཏེར་ལྔའི་ནང་ཚན་བྱེ་མ་ཨ་ཀྲོང་གི་སྐུ་གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་འདྲེས་ཤིང་ཕྱག་ནས་མ་རིང་བསྲེལ་འབྱོན་བཞིན་པ་སྡེ་སྲིད་གཙང་བའི་ནང་རྟེན་གྲས་འཇམ་དབྱངས་བསོད་ནམས་དབང་པོའི་ཕྱག་བབས་དེ་དང༌། གཉན་ཕུལ་བྱུང་བ་གཙུག་ཏོར་རྒྱལ་པོས་གཞོང་པར་མཛད་པའི་ས་འཇམ་ཞལ་སྤྲོད། ས་ཆེན་གྱིས་ཕྱག་ནས་བརྒྱ་ཚར་དང་རྗེ་བཙུན་སྐུ་མཆེད་ཀྱི་ཕྱག་ནས་དང་ཐུགས་དམ་རྟེན་བྱིན་ཅན། སངས་རྒྱས་ཀྱི་འཕེལ་གདུང་ལྔ་རྣམས་ཀྱིས་ཐོག་དྲངས་རིང་བསྲེལ་རྣམ་བཞི་གྲངས་མང་ཉུང་ཙམ་མ་གཏོགས་མཆོད་སྡོང་ཉིད་དང་ཆ་འདྲ་བཞུགས་པར་གཟའ་སྐར་དགེ་བ་ནས་འཐོར་ནས་སྒྲུབ་པར་མཛད་དེ་རྗེ་ཉིད་ཀྱིས་རྡོ་རྗེ་སློབ་དཔོན་དང༌། མཁན་པོ་འདུས་ཚོགས་བཅས་ནས་ཀྱེ་རྡོ་རྗེའི་དཀྱིལ་ཆོག་དང་རྗེས་འབྲེལ་རབ་གནས་ཞག་བདུན་མ་རྒྱས་པའི་སྦྱིན་སྲེག །འོ་ཐུག་སྒྲུབ་པ། གཞན་ཡང་གཙུག་ལག་ཁང་རྣམས་སུ་སྣ་ལྔའི་མཆོད་པ། དགེ་འདུན་བསྙེན་བཀུར་མཆོད་ཕྲེང་བསྟར་བ། ཕྱི་བསྐོར་ལ་མེ་ཏོག་འཐོར་བ། འཕེན་སྐུ་ཞལ་དབྱེ། སྟོན་མོའི་ཐོག་སྤྱི་སྒེར་ལེགས་སྐྱེས་བཞེས་པ། འགོ་བཟོ་བར་གནང་ཆ། མངའ་ཞབས་ལ་འབྲུ་འགྱེད་གཞས་སོགས་ཆ་ལག་ཚང་བའི་ཚུལ་གྱིས་མཛད་ཅིང༌། གསེར་སྐུ་རྡོ་རྗེ་འཆང་ལ་ན་བཟའ་སོགས་དང༌།