R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༢
[A:༥༡༢] ཡང་སྤྱན་ལྟས་ཤིག་ལ་རྟག་འཚེར་གངས་མཆོད་དགོས་ཚུལ་འཁྲུངས་པར་ཡང་དེ་བཞིན་གསར་བསྒྲིགས་ཐོག་མཛད། སྣྲོན་ཟླའི་ནང་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་འཕེལ་རྒྱས་འབྱུང་ཕྱིར་དུས་མཆོད་དུ། ཟང་ཚ་བསོད་ནམས་རྒྱལ་མཚན་དང་བཟང་པོ་དཔལ་ཟུང་གི་སྨན་སྐུ་རིང་བསྲེལ་རྣམ་བཞིའི་གོང་བུར་བསྐྲུན་ཏེ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་རྒྱུན་མི་ཆད་པར་འབྱོན་པའི་ཐུགས་བསྐྱེད་བླ་ན་མེད་པ་དང་བཅས་བླ་བྲང་གོ་བཞི་ལས་གདུང་རབས་རིན་པོ་ཆེའི་འབྱུང་ཁུངས་སུ་གྱུར་པ་དུས་མཆོད་འདི་ཉིད་དུ་བཞུགས་སུ་གསོལ་ཞིང༌། ཟླ་ནང་དེར་མགོན་ཁང་ཁག་བཞི་དང་དངོས་གྲུབ་གླིང་རྣམས་སུ་རྗེ་ཉིད་ནས་བདུན་ཕྲག་རེའི་རིང་སྔ་དྲོ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བདག་མདུན་བུམ་བཟླས་རྣམས་དང་དེའི་རྒྱས་པའི་སྦྱིན་སྲེག །ཕྱི་དྲོ་ཆོས་སྐྱོང་སོ་སོའི་བསྐང་ཕྲིན་བཅས་དཔལ་གྱི་ཞལ་ཟས་རེ་འདོད་དོན་ནམ་འགྲུབ་བར་གཏའ་མར་བཟུང་གནང་གིས་སྐྱེད་ལྷས་སུ་བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྐུ་བསྟོད་གསར་བསྒྲིགས་མཛད་པ་དང་བསྟུན། ཀུན་དགའ་ཚེ་རིང་སོགས་ཁ་ཤས་སྐུ་འབུམ་རྣམ་རྒྱལ་ལ་མཆོད་འབུལ་གྱི་སྒྲོ་བཏགས་ཏེ་སླར་ཡང་གསང་རྒྱའི་ཐོག་ཆོས་ལུང་དུ་རྒྱལ་ཡུམ་སྐུ་དྲིན་ཅན་མ་དེ་ཉིད་སྤྱན་འདྲེན་པར་མངགས་ཏེ། ཆུ་སྟོད་ཟླ་ནང་གསང་ཁོག་ནས་གདན་སར་ཕེབས་པར་བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་རྡུལ་དཀྱིལ་དུ་སྨིན་པར་མཛད་དེ་རྗེས་སུ་གནང་བ་དུ་མ་དང༌། ལྷ་སྐུ་བདེ་སྟོང་དབྱེར་མེད་དོན་དམ་པའི་གཤིས་ལས་མ་གཡོས་ཀྱང་ལྟར་སྣང་མཐུན་སྡེབ་ཀྱི་ལ་ཉེར་ཤར་བའི་རིམ་གྲོ་རྣམས་རིམ་བཞིན་མཛད་དེ་གྲོ་བཞིན་ཕུར་སྒྲུབ་དང་བསྟུན་ཕུན་གླིང་དུ་ཐོ་རེངས་སྔ་བར་ཕེབས། སྐབས་ཤིག་རྗེ་ཉིད་ཀྱི་འོད་གསལ་དུ་རྒྱལ་ཡུམ་ཉིད་དང་ལྷན་དུ་བརྩེ་ཆེན་ལྷ་ཁང་དུ་ཕེབས་སོང་བར་གཟིམ་ཆུང་གི་སྒོ་འགག་དེ་ན་རྣལ་འབྱོར་པ་རུས་པའི་རྒྱན་ཅན་བག་དྲོ་བ་ཞིག་བཞུགས་འདུག་པ་དེས་སྣ་དྲངས་བརྩེ་ཆེན་ལྷ་ཁང་ས་ཆེན་སྐུ་འདྲ་རིན་པོ་