R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༩
[A:༥༡༩]གཙུག་ལག་ཁང་དུ་དེ་ཉིད་ཀྱི་འདྲ་སྐུ་རིན་པོ་ཆེ་གསར་བསྐྲུན་རིང་བསྲེལ་རྣམ་བཞིས་ཕྱུར་པོར་མཛད་དེ་རབ་ཏུ་གནས་པའི་མེ་ཏོག་གིས་མངའ་གསོལ་བར་དབུ་ཞྭ། ན་བཟའ། ཕྱག་ཕྲེང༌། ཕྱག་ཆ། མཆོད་པའི་ཡོ་བྱད་བཅས་དེ་ཉིད་ཀྱི་ཉེར་སྤྱད་ངོ་མས་སྤྲས་ཏེ་བཞུགས་དྲུང་སྣ་ལྔའི་མཆོད་པ་འབུལ་གནང་དང༌། གཞན་ཡང་གསུང་གི་བདུད་རྩི་བཞེས་པ་རྣམས་བསྟན་འགྲོའི་ཆེད་སོ་སོའི་སྐལ་བ་དང་མཐུན་པར་སྤེལ་གནང་དང༌། རྗེ་བཙུན་ས་སྐྱ་པའི་བསྟན་པའི་རྩ་བ་འཁོན་རིགས་དྲི་མ་མེད་པའི་གདུང་རབས་སྤེལ་བར་བཀའ་སྩལ་སོགས་ངལ་བ་ལྷུར་བཞེས་ཀྱིས་དཔལ་ལྡན་བླ་མ་དམ་པའི་དགོངས་རྫོགས་སུ་སྟོབ་པ་དང༌། སྔོན་དུ་དགུང་གྲངས་ཉེར་གཉིས་ཐོག་གི་སྤྱན་ལྟས་ངོ་མཚར་ཅན་དེ་བཞིན་དང༌། དེ་ལོ་ཁྲུམས་ཟླའི་ཚེས་གསུམ་ཐོ་རེངས་གནས་གསར་རྡོ་རྗེ་འཆང་དཔོན་གཡོག་ཚང་མ་ས་སྐྱའི་བླ་བྲང་ཕུན་ཚོགས་གླིང་གི་དབང་ཁང་དུ་མཇལ་བར་ག་ཡ་དྷ་རའི་བུམ་ཆུའི་སྣོད་ལ་སྐྱོན་ཚུལ་དེ་ཞུ་གནང་ལ་སྐྱོན་མེད་འགྲོ་གསུང་ཞིང༌། རྗེ་དེ་ལ་དགོངས་རྫོགས་འབུལ་རྟེན་ཡིན་དགོངས་པའི་ཁྱད་མཚར་གྱི་གོས་ཕོན་ཆེན་འབུལ་ཉམས་དང༌། ཞབས་གྲས་སྦྱིན་རྒྱ་མ་ཡིན་སྙམ་པ་ཞིག་གིས། ཡིག་བརྒྱ་མཚལ་དམ་མ་ཞིག་ཕུལ་ནས་རྗེ་བླ་མ་སྙུན་སྐབས་པད་དཀར་སྤྲུལ་སྐུའི་ལུང་བསྟན་དེ་འདི་ཡིན་ཟེར་བ་ཁ་ཕྱེ་ནས་གཟིགས་པས་ཚིགས་བཅད་ཁ་ཤས་བྱུང་བ་ཐུགས་དྲན་མི་གསལ་བའི་ཚུལ་མཛད། ཡང་སྐབས་ཤིག་གནས་དེར་གནས་གསར་རྡོ་རྗེ་འཆང་ཉིད་བཞུགས་ཏེ་མཎྜལ་ཚོམ་བུ་དུ་མ་བཀོད་པ་ཞིག་གི་མཐར་མཆོད་གཏོར་བཤམས་ནས་ཕུར་པའི་དབང་སྔར་གསན་མ་མྱོང་བ་ཞིག་སྩལ་བ་དང༌། གཞན་ཡང་རྣམ་འདྲེན་དེ་ཡང་ཡང་ཕེབས་ཏེ་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཁ་ཤས་ལ་བསྐྱར་ཆོས་མཛད་པ་དང༌། སྐུའི་རྣམ་འགྱུར་ཞི་ཁྲོ་དུ་མའི་སྒོ་ནས་ལུགས་གཉིས་ཀྱི་བླང་དོར་སྩོལ་བ་སོགས་མཐའ་ཡས་པ་ཞིག་འཁྲུངས་པ་ནི་འཁྲུལ་ཟད་རྗེ་བཙུན་གོང་མ་རྣམས་ཀྱི་རྣམ་ཐར་ཁོ་ན་སྟེ་ས་སྐྱ་པ་ཆེན་པོར་འཇམ་པའི་དབྱངས་གཙོ་