R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༡༨
[A:༥༡༨]གཅིག་རིང་རྣམ་འདྲེན་དམ་པ་གནས་གསར་རྡོ་རྗེ་འཆང་ཆེན་པོའི་སྐུ་དྲིན་གསབ་ཆེད་དང༌། རྗེ་བཙུན་ས་སྐྱ་པའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་སྐུ་རིམ་དུ་རྭ་ཚར་ཐུན་མོང་མ་ཡིན་པའི་ལུགས་དཔལ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་མཆོད་བརྒྱ་ཚར་གྲངས་གསོག་མཛད་སྐབས་ཀྱི་ཆུ་སྟོད་ཟླ་བའི་ཚེས་བཅུ་གཅིག་ཉིན་གནས་གསར་རྡོ་རྗེ་འཆང་ཞི་བར་གཤེགས་པས་དགོངས་རྫོགས་ཀྱིའང་གོ་ཆོད་བྱུང་བ་སོགས་ལྐོག་གྱུར་རྗེན་གསལ་གྱི་ཐུགས་མཁྱེན་ཡིན་པ་ལ་ནི་བསྙོན་དུ་མེད་ཅིང༌། དགུང་ཞག་ནམ་རྫོགས་པར་མཁའ་སྤྱོད་མའི་སིན་དཀྱིལ་སྒྲུབ་མཆོད་ཆག་མེད་ཀྱི་སྔགས་སྡོམ་ཨོཾ་གསུམ་མ་ཉི་ཁྲི་དགུ་སྟོང་བཞི་བརྒྱ་ཐམ་པ། སྐུ་བསྟོད་ལྔ་སྟོང་ཉིས་བརྒྱ་གོ་གཉིས། མཆོག་སྤྲུལ་མྱུར་འབྱོན་ཞེ་དགུ་རྣམས་མཛད་ཅིང༌། དེ་ལོ་ག་ཡ་དྷ་རའི་བུམ་ཆུའི་སྣོད་གས་པ་དང་བསམ་བརླིང་ལྷ་མཆོད་དུས་གུར་ཀར་ཆག་པ་རྣམས་ནི་དབུ་བླ་འདི་ཞིང་ཁམས་བརྗེ་བའི་རྟགས་དང༌། རྗེ་དེ་ཉིད་ནི་རྣམ་ཀུན་ཉིན་མཚན་ཁོར་ཡུག་ཏུ་བསྟན་འགྲོའི་དོན་འབའ་ཞིག་གིས་དུས་འདའ་བ་ལས་རྣམ་གཡེང་གི་དྲི་མ་ཕྲ་མོ་ཙམ་གྱིས་མ་གོས་ཀྱང༌། འཇམ་མགོན་གནས་གསར་བ་དེ་ཉིད་གཤེགས་པ་ནས་བཟུང་སྲོད་ཐོ་རེངས་ཉིན་པར་གུང་ཚིགས་སྐབས་སོགས་ཡུད་ཙམ་རེ་བཞུགས་སྐབས་ཐུགས་ལ་སྐྱོ་ཤས་དང༌། ཁྱད་པར་ད་ནི་རྗེ་བཙུན་གོང་མའི་ཐུགས་དམ་ཆག་མེད་ཀྱི་རིམ་པ་ཁ་གསོ་བ་རྣམས་ཀྱང་ཞུ་ཡུལ་ཤིན་ཏུ་དཀོན་པ་འདུག་དགོངས་པའི་ཐུགས་འདུན་དུང་དུང་ལྷང་ལྷང་བཅས་ངེས་འབྱུང་གཏིང་ནས་འཁྲུངས་པའི་ཞལ་འདོན་དགེ་སྦྱོར་ལ་རྒྱུན་ལས་ཀྱང་ཐུགས་བརྩོན་གྱིས་རྩ་བའི་བླ་མ་དམ་པ་རྣམས་ཀྱི་དགོངས་རྫོགས་དང་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨིན་རྒྱས་མཛད། རྗེ་དེའི་དགོངས་རྫོགས་དང་བསྟུན་ལོ་རེ་བཞིན་འཇིགས་བྱེད་བཅུ་གསུམ་མའི་རྡུལ་དཀྱིལ་སྒྲུབ་མཆོད་ཤོམ་རྒྱས་པ་དང་བཅས་ཞག་བཞིའི་ཁོངས་སུ་ཡ་མ་རཱ་ཛ་བཞི་སྟོང་བརྒལ་ཙམ་དང༌། གསོལ་འདེབས་བཞི་བརྒྱ་ལྷག་ཙམ་རེ་མཛད་ཅིང་ཕྱི་ལོ་དུས་ཆེན་ཉིན་དཔལ་ས་སྐྱའི་ལྷ་ཆེན་ཐིག་གཡབ་