R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༠
[A:༥༢༠]འཁོར། རྣལ་འབྱོར་དབང་ཕྱུག །ཞང་སྟོན་ཆོས་འབར་སོགས་དང༌། སློབ་དཔོན་རིན་པོ་ཆེར། མནལ་ཚེ་འོད་གསལ་དག་གིས་མཉམ་པར་འཇོག །མཐུ་སྟོབས་དབང་ཕྱུག་ཡི་དམ་གང་རུང་ལ། །ཉིན་མཚན་གང་ཡང་ཐེ་ཚོམ་གཅོད་མཛད་པས། །ཞེས་དང༌། རྗེ་བཙུན་རིན་པོ་ཆེར། མནལ་ཚེ་ཆོས་རྣམས་གླེགས་བམ་གྱི། །ཚུལ་གྱིས་ཁོང་དུ་ཆུད་གྱུར་པས། །དེ་ཡི་མོད་ལ་ཆོས་ཀུན་གྱི། །དེ་ཉིད་གཟིགས་པ་ཁྱོད་ལ་འདུད། །ཅེས་དང༌། འཇམ་མགོན་བླ་མར། སྲིད་པ་ཀུན་ཏུ་ལེགས་པར་སྦྱངས་པས་ན། །རྨི་ལམ་ན་ཡང་ཆོས་ཀྱི་སྒོ་རྣམས་ཀུན། །དགེ་བའི་བཤེས་ཀྱིས་དངོས་སུ་འདོམས་པར་མཛད། །ཅེས་སོགས་མང་དུ་གསུངས་བ་བཞིན་དམ་པའི་ཁྱད་ཆོས་ཤ་དག་གོ །དེ་ནས་དབྱུག་ཟླའི་ཚེས་བཅུར་འབུམ་ཐང་ས་པཎ་ཕྱི་རྟེན་ཉམས་གསོ་གསར་བསྐྲུན་ལྟ་བུ་མཛད་ནས་རྗེ་ཉིད་ཀྱི་རྒྱུན་གྱི་ཕྱག་ཚ་ལྔ་སྟོང་བཞི་བརྒྱ་དོན་བདུན་སོགས་ནང་གཟུངས་གྲངས་མང་བཅས་བྱིན་རླབས་ཀྱི་གཟི་བྱིན་འཕྲོ་བར་མཛད་པ་དང༌། མགོ་ཟླའི་བདེ་མཆོག་སྒྲུབ་མཆོད་ཐོག་ཚོགས་ཡོངས་ལ་ཌཱ་མ་རུ། ནང་མཆོད། འཐོར་སྣོད་གསར་བསྐྲུན་རྣམས་སྦྱོར་འཇགས་ཀྱིས་སྒྲུབ་མཆོད་དང་དུས་མདོས་སོགས་ཀྱི་ཚོགས་དབུར་ཕེབས་པའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། དག་སྣང་འོད་གསལ་མེ་ལོང་དངས་པའི་མཁར། །དམ་པའི་ཞལ་མཐོང་ལུང་བསྟན་ཆུ་འཛིན་གཡོས། །གསང་རྒྱ་དབྱང་རྔའི་སྒྲ་གྲོལ་ཟུག་རྔུའི་གདོན། །གདེངས་ཅན་དབྱིངས་སུ་མི་བཟད་ཐོག་གིས་བསྒྲལ། །རིགས་བདག་ཞིང་སར་དགོངས་པའི་ཆར་ཟིམ་ནི། །མི་མངོན་དབྱིངས་ནས་གཟིགས་པ་དགེ་བས་ཕབ། །སྣང་བརྙན་མྱུ་གུ་བསྐྲུན་ཚེ་དགེ་མཚན་ལྟས། །ཅི་ཡང་བཞད་པའི་སྙེ་ཕོན་གཡུར་ཟ་ལྡེམ། །ཐུན་གསུམ་མནལ་ཚེ་རྣམ་འདྲེན་མཚན་མོའི་མགོན། །ཟབ་ཆོས་བདུད་རྩིའི་ཐིགས་ཕྲེང་སླར་ཡང་སྤྲོ། །འཇམ་མགོན་ཕྱི་རྟེན་ཀུནྡ་གཞོན་ནུ་དང༌། །