R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༡
[A:༥༢༡]གསང་མཐའི་ཁམས་སུ་སྣང་བའི་བྱི་དོར་འགྲན། །ཞེས་ཀྱང་སྨྲས་སོ།། ༈ དགུང་གྲངས་སོ་གསུམ་དུ་ཕེབས་པ་ལྕགས་སྦྲུལ་རྒྱལ་ཟླའི་ཚེས་གཉིས་ནས་བཟུང་འདི་ཡིན་མེད་པའི་སྙུན་གཞི་ཐུབ་ཞིག་བཞེས་པས་ནུབ་གཅིག་གཟིམ་ཤར་གྱི་གནམ་ས་བར་གསུམ་ལི་ཁྲིར་གཟིགས་པས་ད་ལྟ་རང་སྐུ་ཚེ་འཕོས་རྒྱུ་ཡིན་འདྲ་དགོངས་པའང་འཁྲུངས་མོད། སྨན་བཅོས་རིམ་གྲོ་དང་ཐུགས་དམ་ཟབ་མོའི་མཐུ་ལ་བརྟེན་རྟ་ཟླའི་མཇུག་ནས་རིམ་དེངས་ཀྱི་ཚུལ་བཞེས་མུར་གཟིམ་ཤར་མགོན་ཁང་དུ་ཞལ་གྱི་དམ་ཚིག་བསྐང་གསོ་མཛད་པས་སྐུ་ལུས་སོར་ཆུད། དེ་ནས་རྡོ་བྲག་རིག་འཛིན་ཆེན་པོས་ལུང་བསྟན་གདུང་རབས་མྱུར་འབྱོན་སྐུ་རིམ་དུ་གྲ་ལྔ་དང་དམར་པོ་སྐོར་གསུམ་གྱི་སྐུ་པར་གྲངས་མང་དང༌། དེ་དག་གི་སྐུ་གང་ལེགས་བཞེངས་དགོས་བབས་པ་བཞིན་གྲ་ལྔ་ལུགས་སྐུ་རྣམས་སྡེ་དགེར་ཡོན་སྦྱར་གྱིས་ཞུས། གོང་གི་སྐུ་པར་གྲངས་མང་དེ་དག་དང་གདུང་རབས་མྱུར་འབྱོན་ཆེད་དམར་པོ་སྐོར་གསུམ་བཞེང་རྒྱུའི་བཅའ་བསྒྲིགས་ལ་རྟེན་འབྲེལ་རང་འགྲིག་ལྟ་བུར་དེ་དག་གིས་མཚོན་སྐུ་པར་མང་པོ་དེ་སྔོན་ནས་གསར་བླུགས་གྲུབ་འཕྲལ་ཡིན་པ་བཞིན་བརྒྱ་སྟོང་སོགས་ཕྱག་བཏབ་གྲངས་མང་དང༌། སྐུ་རྒྱུར་བྱིན་རླབས་རྟེན་འདམ་མཚལ་སོགས་དབང་རྫས་དམར་པོ་སྣེ་མཛོམ་འཇིམ་གཙང་ལ་བྱིན་རླབས་མཛད་པ་དང་བསྲེས་ཏེ་ཚོམས་བར་མགོན་ཁང་དུ་ཚུལ་ཁྲིམས་བཀྲ་ཤིས་སོགས་ནས་ཤིན་ཏུ་གསང་བར་བཞེངས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཟུངས་བཅས་སྣྲོན་ཟླའི་མགོར་གྲུབ་འཕྲལ་རྗེ་ཉིད་ཀྱིས་ཕྱག་ནས་ཚར་གཅིག་དང༌། ཆོས་ལས་པ་བསྟན་འཛིན་རིན་ཆེན་གྱིས་བརྒྱ་ཚར་མཛད། གཞན་ཡང་གདུང་རབས་མྱུར་འབྱོན་ཆེད་རྨང་མཁར་ཐུབ་བསྟན་དགེ་འཕེལ་དུ་ལྷོ་བྱང་དགེ་འདུན་བརྒྱད་གྲྭས་རྗེ་བཙུན་རིན་པོ་ཆེའི་བླ་མའི་རྣལ་འབྱོར་དང་ཕྲིན་འཆོལ་སོགས་ཟླ་གཅིག་རིང་བགྱིས་ཤིང་ཟླ་མཇུག་བརྩེ་ཆེན་ལྷ་ཁང་རྒྱ་ཆེར་བསྐྲུན་པར་མཛད་པ་དང༌། ཆུ་སྟོད་ཟླ་ནང་ཕུར་སྒྲུབ་ཕྲིན་འཆོལ་གོང་