R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༢
[A:༥༢༢]ཙམ་ལ་རི་ནག་རྩེར་བྱེ་མ་ངུ་བའི་ཁ་གནོན་གྱི་རིགས་གསུམ་མཆོད་རྟེན་གསར་བསྐྲུན་དང༌། སྐྱེད་ལྷས་ཕྲིན་འཆོལ་ལ་ཡུམ་གྱི་གནས་གཟིགས་ཆེད་ཡབ་ཡུམ་ལྷན་དུ་ཕེབས་ཏེ་བྱས་འགྱུར་དུ་ནུབ་གཅིག་བཞུགས། གནས་གཟིགས་གྲུབ་ནས་མར་ལམ་ལྷ་འཁྲེན་ལྟ་བུའི་རྒྱུམ་ལམ་གྱི་སྐེད་ཙམ་ཕེབས་དུས་རྦབ་རྒྱུགས་ཤིག་བྱུང་ཡང་མ་སྐྱོན། བསམ་བརླིང་དུའང་ཞག་གཅིག་དང་མར་ལམ་རི་ནག་རྩེར་མཆོད་རྟེན་རྣམས་ལ་ཕྱག་ནས་འབྲིང་པོ་མཛད་རྗེས་དྲི་བྱ་སྡེར་མའི་ལྷག་ཙམ་དུ་བྱོན་དུས་ནམ་མཁའ་དབྱིངས་ཤིན་ཏུ་དངས་པར་དཔོན་པོ་རིའི་ཐད་དུ་སྤྲིན་དུམ་ཞིག་འདུས་ཏེ་ཟིམ་ཆར་འབབ་པ་དང༌། བྲག་ཆུང་ནས་བདེ་གླིང་ལྕགས་རིའི་བར་འཇའ་ཚོན་འོད་སྐོར་ལྟ་བུ་ཞིག་ཀྱང་ཤར་བས་ཐུགས་ལ་ཡ་མཚན་ཆེ་བ་ཞིག་འཁྲུངས། གྲོ་བཞིན་ཕུར་སྒྲུབ་གྲོལ་ནས་སླར་ཡང་གྲ་ལྔ་སྒྲུབ་མཆོད་དྲུག་ཅུར་ཉེ་བ་གསོག་གནང་གིས་ཡུམ་ལ་དབང་གྲངས་གསོག་མཛད། དེ་སྔོན་ནས་སྡེ་དགེ་ཞུ་ཆེན་རིན་པོ་ཆེས། གཟིམ་ཆུང་འཕྲོད་མིན་ཡང་བརྟགས་ངོས་གདུང་བརྒྱུད་མྱུར་འབྱོན་གང་ཅིའི་མཚམས་ལ་ཐུགས་བསམ་ཆེ་བསྐྱེད་དགོས་ཚུལ་གནང་བ་བཞིན་ཡབ་རྗེ་རྡོ་རྗེ་འཆང་གི་གཟིམ་ཆུང་འཆི་མེད་རྡོ་རྗེའི་གུར་ཁང་རྒྱ་བསྐྱེད་དེ་རྟེན་འབྲེལ་ཁྱད་ཞག་བཅུ་སྐོར་ལ་ཚར་ཕྱིན་པ་མཛད་ནས་མཚན་ཡང་འཛམ་གླིང་ཕུན་ཚོགས་དཔལ་འབར་དུ་གསོལ་ཏེ་གུ་རུ་དྲག་དམར་སྒྲུབ་མཆོད་ཀྱིས་ཐོག་མར་བྱིན་གྱིས་བརླབས། དེ་རྗེས་རྡོ་རྗེ་ཕུར་པའི་རས་དཀྱིལ་སྒྲུབ་མཆོད་ཀྱང་མཛད་པས་བྱིན་ཆགས་ཤིང་ཐུགས་བག་ཕེགས་པ་བྱུང་གསུངས། ཁྲུམས་ཟླའི་ཉེར་གཅིག་ལ་དཔལ་ས་སྐྱའི་རྒྱབ་རི་སེང་གེའི་གདོང་ཅན་གྱི་མིག་གཡོན་མཚོན་བྱེད་བྲག་འབུར་ཐད་ནས་གློ་བུར་དུ་ཞིག་རལ་བྱུང་བར་ཀུན་ཐུགས་རྟོག་ཟ་བའི་སྐབས་རྗེ་ཉིད་ཀྱི་འོད་གསལ་དུ། འཇམ་དབྱངས་གཟི་འོད་འབར་བའི་སྐུ་དྲུང་ན་རྗེ་ཉིད་བཞུགས་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་ཞབས་གྲས་ཡིན་དགོངས་པའི་གྲྭ་པ་ཞིག་དང་གསུང་གླེང་མུར་