R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༣
[A:༥༢༣]བྲག་རི་ཞིག་ཚུལ་དེ་གསུངས་པས། གྲྭ་པ་དེ་ན་རེ། འདི་རྗེ་བཙུན་རིན་པོ་ཆེ་ཞིང་ཁམས་བརྗེ་སྐབས་ཀྱང་བྱུང་བས་ཆོས་རྗེ་བས་རྗེའི་དགོངས་རྫོགས་དང་གདན་སའི་སྐུ་རིམ་གཉིས་ཆར་ལ་དམིགས་ནས་འཇམ་དབྱངས་གཟི་འོད་འབར་བའི་སྐུ་འདི་བཞེངས་པས་སྐྱོན་མ་བྱུང༌། ད་ལྟའི་འདིའང་དཔལ་ས་སྐྱ་པའི་བསྟན་སྲིད་ལ་གནོད་པའི་ལྕགས་གླང་ཞིག་འཐོན་ཉེ་ཡོད་པས་ཟེར་མུར་རྗེ་ཉིད་ཀྱི་ཐུགས་སྣང་ལ། ཐང་སྐུ་ཞིག་གི་ལྡེབས་ལ་རི་སྔོན་པོ་གཉིས་ཕན་ཚུན་ནས་རྒྱུགས་པའི་སྣེ་འཛོམས་མཚམས་ནས་གླང་སྔོན་པོ་མིག་ཁྲ་ཧྲིག་གེ་བ་ཞིག་རྭ་ཉུག་གེ་འཐོན་ཉམས་བྱེད་པ་འཁྲུངས་པས་གྲ་པ་དེས་སྔར་གྱི་འཕྲོ་ལས། ད་ལམ་ཡང་འཇམ་དབྱངས་གཟི་འོད་འབར་བའི་སྐུ་ཚད་དང་མཉམ་པའི་འཇམ་དབྱངས་ཀྱི་སྐུ་ཞིག་བཞེངས་ནས་ཕན་ངོ་ཆེ་ཞིང༌། དེ་མཚུངས་ཉིན་གཅིག་ནང་ཡུམ་རྒྱས་པ་ཚར་གསུམ་བཀླགས་པས་ཕན་ནམ་ཟེར་བ་ཞིག་འཁྲུངས་པ་བཞིན་སྨིན་ཟླའི་བཅུ་དགུ་ལ་ཐིགས་གཡབ་ལྷོར་དབུ་རྩེ་འཇམ་དབྱངས་གཟི་འོད་འབར་བ་དང་མཉམ་པའི་རྗེ་བཙུན་འཇམ་དཔལ་དབྱངས་སྨན་འདམ་ལས་གྲུབ་པ་བྱིན་རླབས་ཀྱི་གཟི་འབར་གྲང་གསེར་ལེབ་བྱུགས་ཅན་སྐུ་རྒྱན་ན་བཟའ་མཆོད་ཆ་སོགས་དང༌། གཟུངས་གཞུག་སྐབས་ཐུགས་ཀར་གཞུག་རྒྱུའི་འཇམ་དཔལ་གྱི་སྐུ་ཞིག་ཐིགས་གཡབ་རྟེན་ཁྲོད་ནས་འཚོལ་བར་མཛད་པས་མངྒའི་མཚན་ཅན་གྱི་ཕྱག་བབས་ལི་སྐུ་མཁྱིད་གང་ཙམ་ཞིག་ཕྱག་ཏུ་ཐེབས་པའི་གཤམ་ཡིག་ལ་སྦྱིན་བདག་གི་མིང་བསམ་འགྲུབ་ཕུན་ཚོགས་ཀྱིས་བཞེངས་ཟེར་བའི་ཚིག་སྒྲ་ལེགས་པ་དེ་བཞིན་མ་བསྒྲིགས་ལྷུན་གྲུབ་ཀྱི་རྟེན་འབྲེལ་ལྟ་བུར་བྱུང་བས། བསྟན་སྲིད་ལོར་རྒྱ་ལ་ངེས་པར་ཕན་པ་ཞིག་ཡིན་ནོ་གསུངས་པའི་སྐུ་འདྲ་རིན་པོ་ཆེ་འདི་ལ་དབུ་ཞབས་བར་གསུམ་གྱི་གཟུངས་རིང་བསྲེལ་དང་བཅས་པས་ཕྱུར་བོར་གཏམས་ཤིང༌། ཁྱད་པར་རི་བཀྲ་ངན་པ་བཟློག་པའི་འདོད་གསོལ་བཅས་འབུལ་གནང་གིས་ཀྱེ་རྡོ་རྗེ་ལ་བརྟེན་པའི་རབ་གནས་འབྲིང་པོ་དང༌། གཞན་