R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༤
[A:༥༢༤]ཚར་འགའ་ཞིག་བཅས་དམ་ཡེ་དབྱེར་མེད་དུ་བྱིན་གྱིས་རློབ་པར་མཛད་དོ། །དེ་ལོ་གཞུང་ཞབས་རིན་པོ་ཆེ་ནས་སྐུ་རིམ་ཐུགས་བརྩོན་འགའ་ཞིག་གནང་དགོས་བྱུང་བ་ལྟར་འདིར་ཡང་སྨིན་ཟླའི་ནང༌། རྗེ་རྡོ་རྗེ་འཆང་ནས་བདུད་འདུལ་ཕུག་ཏུ་བསྐང་ཕྲིན་གནད་སྨིན་ལ་ཞག་ཤས་ཐུགས་གཞོལ། དེ་ནས་མདོས་ཆུང་གི་ཚོགས་དབུར་ཕེབས་ཀྱང་དེ་དུས་མཚན་འགྲུལ་བསྲུང་དགོས་སྟབས་གཏོར་རྒྱག་ལ་མ་ཕེབས། དུས་མདོས་ཐོག་སྡེ་དགེ་གཉེར་པ་སྔོ་ཡེ་སོགས་དང་ཧོར་ཀྲེ་བོ་དཔོན་སྡེ་དགེའི་སྲས་མོ་བཅས་དང༌། གནས་གསར་རྗེའི་ཕྱག་མཛོད་སོགས་ཀྱང་འབྱོར་པས་སོ་སོའི་བློ་དང་མཚམས་པའི་ལུགས་ཟུང་གི་བདག་རྐྱེན་དང༌། ཕྱག་མཛོད་ནས་བོདྷིའི་ཙིཏྟའི་ཕྱག་ཕྲེང་རྒྱན་ལྡན་ཞིག་ཕུལ། དེ་ནས་ལྷ་ཆེན་མཁན་པོ་ཆོས་བཀྲ་ཤིས་སོགས་ཞལ་སློབ་འགར་མཚན་ཉིད་ཀྱི་ཡིག་ཆ་རྒྱ་བོད་མང་པོས་མཛད་པའི་ལྗགས་ལུང་ཕོན་ཆེན་ཡང་སྩོལ་བར་མཛད་དོ། །དེ་དག་གི་དོན་བསྡུ་ན། གཉན་མགོན་དམ་ཚིག་བསྐང་བའི་གཡར་ལམ་དུ། །མི་མཐུན་གཡུལ་རྒྱལ་དབང་ལྷ་གྲུབ་པའི་མོད། །བརྩེ་ཆེན་སྙིང་པོ་དྲི་གཙང་ཁང་བུ་རྒྱས། །བྱེ་མ་ངན་པའི་ཁ་གནོན་རིགས་གསུམ་རྟེན། །བསྐྲུན་ཆེ་ཡ་མཚན་ལྟས་བཅས་ཡུམ་མཆོག་ཉིད། །སླར་སྨིན་མཛད་རྗེས་གཟིམ་སྤྱིལ་གསར་པ་ནི། །བྱིན་རླབས་གཟི་བྱིན་འབར་བ་དང་བཅས་པ། །ཡང་དག་གྲུབ་པའི་བྱིན་ཆགས་བག་ཕེབས་འཁྲུངས། །སྔོན་ཚེ་རྡོར་འཛིན་དུས་ཀྱི་གསང་བའི་གཏམ། །དག་སྣང་ངང་དུ་གླེང་བའི་བདེན་ཚིག་དོན། །ཇི་བཞིན་མཛད་འཕྲལ་ངན་རྟགས་དབྱིངས་དེངས་ནས། །འཆར་འཕར་བསྟན་འགྲོའི་དོན་ཆེན་ཉིད་ལ་གཞོལ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་སོ་བཞིར་བྱོན་པ་ཆུ་རྟ་དབོ་ཟླའི་ནང་གདུང་རབས་མྱུར་འབྱོན་ཆེད་དུ་དགོངས་རྗེ་ཉིད་ནས་ཁྱད་བྱང་མགོན་ཁང་དུ་གཏོར་བསྔོ་ཆེན་མོའི་ནང་གི་ཆོས་སྐྱོང་ཚང་མར་གཏོར་བསྔོ་བརྒྱ་རྩ་གསོག་གནང་དུས་གོང་གི་ཕྱག་ཕྲེང་དེ་མཛད་ཆོག་བྱུང་བས་ཕྱག་མཛོད་འཇམ་དཔལ་གྱིས་ཕུལ་ཡང་དོན་ལ་གནས་གསར་