R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༥
[A:༥༢༥]རྡོ་རྗེ་འཆང་དེ་ཉིད་ཀྱིས་གདུང་རབས་མྱུར་འབྱོན་རྟེན་འབྲེལ་བསྒྲིགས་སམ་སྙམ་གསུངས། གཞན་ཡང་གདུང་རབས་རིན་པོ་ཆེ་མྱུར་ཕེབས་ཆེད་སྨིན་གྲོལ་གླིང༌། རྟ་ནག་ཐུབ་བསྟན་མཁན་པོ་བསྟན་འཛིན་རྒྱལ་མཚན། ཛ་ལུང་པ་འགྱུར་མེད་གསང་སྔགས་བསྟན་འཕེལ་རྣམས་ཀྱིས་འཁོར་ལོ། ཟ་ཡིག །རིམ་གྲོའི་ཞལ་བཀོད་སོགས་ཚང་མ་ཆོས་སྡེ་རྣམ་གཉིས། ངོར། བཀྲ་ཤིས་ཆོས་སྡེ། གོང་དཀར། སྡེ་དགེ་ལྷུན་གྲུབ་སྟེང་སོགས་གཙང་དབུས་ཁམས་ཀྱིས་དགོན་རྣམས་ཀྱིས་ཐོག་དྲངས་སངས་རྒྱས་བསྟན་པའི་རིས་མེད་གྲུབ་མཐའ་དང༌། རྩིས་བོན་ནས་སྒྲུབ་དགོས་སོགས་ཚང་མ་དང༌། ཇོ་ཞལ་རྣམ་གཉིས་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང༌། རྒྱང་དང་རྒྱང་འབུམ་མོ་ཚེ་སོགས་སྔོན་གྱི་གནས་རྙིང་དུ་མར་ཞབས་ཏོག་དགོས་ཚུལ་བཞིན་རྩད་གཅོད་མཛད་པས་མཚལ་རིས་ཡེ་ཤེས་སྒྲོལ་མ་རྟེན་བརྟེན་པ་བཅས་དེང་སང་གང་བཞུགས་སུ་ལ་ཡང་ཞུ་རྒྱུ་མ་བྱུང༌། འདན་ཀློང་ཐང་སྒྲོལ་མའང་སྐུ་ཆུང་ངུ་ཞིག་ལས་མེད་སྐད་བཅས་ཚང་མར་མཆོད་འབུལ་རྒྱ་ཆེ་ནས་སྣེ་འགྲེལ་པར་ཅི་སྨིན་མཛད། དེ་ནས་ཞལ་དཀར་སྨན་རམ་པར་བསྐུལ་མ་མཛད་པ་བཞིན་སྲིད་འབེབས་སྨན་དང་ཟས་སྤྱོད་ཚང་མ་ཡིག་ལམ་ནས་ཕུལ་བ་དང་བཅས་གང་སར་སྙན་ཞུ་འཛོལ་མེད་ཞུས་པས་ཕྱིས་སུའང་འདི་ལ་ཐུགས་འདོགས་ལྷག་པར་ཆེ། གང་ལྟར་སྔ་ཕྱི་བར་མཚམས་ཀུན་ཏུ་རྗེ་བཙུན་ས་སྐྱ་པའི་གདུང་རབས་མྱུར་འབྱོན་ཁོ་ནར་ཐུགས་བརྩོན་འདི་ཉིད་གཅིག་པུའི་སྐུ་དྲིན་ཡང་བསྐལ་པ་རྒྱ་མཚོར་ཁྱེར་མཐའ་མཆིས་མིན་བློ་ལྡན་གཟུར་གནས་དག་གིས་དཔྱོད་པར་ཞུ། ནག་ཟླའི་ཡར་ཚེས་ལ་རྒྱལ་ཡུམ། ལྷ་ཆེན་མཁན་པོ། མུས་ཆེན། ཟུར་འཆད་གྲུབ་དབང་སོགས་ལ་ཀུ་རུ་ཀུལླེ་ངོར་ལུགས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཚར་ལུགས་ཀྱང་དེ་བཞིན་བཅས་ཀྱི་རྗེས་གནང༌། ལྷ་ལྔའི་དབང༌། ལྷ་ལྔ་གསང་སྒྲུབ་བྱིན་རླབས། ཚོགས་བདག་ངོར་ལུགས། ཚར་ལུགས་