R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༧
[A:༥༢༧]འཁོར་ཡང་འཇུག་པར་མཛད། སྣྲོན་ཟླའི་ཚེས་བཅུ་ཕུན་ཚོགས་སྦྱོར་ཉིན་རྗེ་རྡོ་རྗེ་འཆང་ཉིད་ནས་ལོ་གནང་དུས་ཀྱིས་ས་བཅུད་བུམ་གཏེར་འཆར་ཅན་སྒྲུབ་གྲས་ཀྱི་གསུང་ཆོག་དེ་གྲུབ་འཕྲལ་གུང་ཚིགས་དང་བསྟུན་ཆོས་ལུང་ནས་རྒྱལ་པོ་བསོད་ནམས་དོན་གྲུབ་སྲས་འཁོར་རགས་བསྡུས་བཅས་འབྱོན་པའི་གནས་ཚུལ་གྱི་ཐོག་མར་མཐོང་སྨོན་ན་ད་ལྟ་བཞུགས་ཡོད་ཟེར་བ་གསན་པས། སྨོན་པའི་སྒྲ་དེ་བུམ་སྒྲུབ་ཀྱི་ཚིག་སྒྲར་ལེགས་ཤིང༌། དེ་ཉིན་རྒྱལ་ཡུམ་མཆོག་དབུ་སིལ་གྲུབ་ནས་སྐུ་རྒྱན་བཞེས་སྐབས་བཅས་སང་ཉིན་མཇལ་འཛོམ་ཐོག་མ་དང་རང་འགྲིག་དང་ལུང་སྲོལ་གྱི་སོས་བསྐོར་ཞེས་གོས་རྒྱན་གཟབས་འཆོར་སྐྲ་བཀྲུ་བཟའ་བཏུང་འབྱོར་པ་དང་བཅས་རྟེན་མཇལ་བསྐོར་བ་གླུ་གཞས་རྐང་བྲོ་སོགས་སྐྱིད་ཉམས་བྱེད་སྲོལ་ནས། ཆུ་ཟམ་སོགས་ཞབས་ཕྱི་རྙིང་གྲས་ཀྱིས་ཐོག་དྲངས་སྡེ་ནུབ་པས་དགའ་གཞས་བྱེད་པ་དང་འགྲིག་པ་སོགས་ནི། འཇམ་མགོན་བླ་མས། གང་ན་ཐོད་དང་སྐྲ་གསར་དང༌། །གར་དང་རོལ་མོའི་སྒྲ་ཡོད་པ། །དེ་ན་མྱ་ངན་ཡོད་མིན་པས། །དེས་ན་རོལ་མོ་བསྔགས་པ་ཡིན། །ཞེས་གསུངས་པའི་དོན་ལགས། དེ་ནས་རྒྱལ་པོ་དཔོན་གཡོག་ནས་མཇལ་ཕྱག་དངོས་གཞི་དང༌། ཕར་ལེགས་སོ་གནང་རྒྱུ་ཚེས་བཅུ་བཞིར་མཛད་རྒྱུར་དེ་སྔོན་མ་བསྒྲིགས་ཀྱང༌། ས་སྐྱའི་གཡས་གཡོན་མདུན་གསུམ་ན་དར་འཛུགས་དང༌། ཆུ་མིག་རྫིང་ཁ་ནས་བུ་མོ་བྱི་ལོ་མ་ལོ་བདུན་ལོན་པ་གསུམ་གྱིས་རིགས་ལྔ་དར་དབྱངས་ཌཱ་དྲིལ་བུམ་པ་མེ་ལོང་ཐོགས་ནས་ཁྲུས་ཀྱི་སྟངས་ཀ་བྱས་ཏེ་ཆུ་འཁྱེར་དགོས་བཞིན་ལ། དཀར་པོ་རྣམ་གསུམ་གྱི་ཕྱི་རྟེན་ཐོག་ནས་བྱོན་པའི་འཇམ་ཆུར་གྲགས་པ་འདི་ནས་བུམ་པ་གང་འཁྱེར་བ་དེའང་མཇལ་གོང་སླེབ་པ་དང༌། ཕན་ཚུན་ལེགས་སོ་འཁྱེར་མི་རྣམས་ཀྱང་གོས་རྒྱན་གཟབས་མ་དང༌། ལྷག་པར་ཕར་གནང་རྒྱུའི་ཐོག་གང་ཅིའི་ལོ་རྒྱུས་ལེགས་བཤད་ཀྱི་གསུང་