R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༨
[A:༥༢༨]ཤོག་རྒྱས་པ་ལྗགས་རྩོམ་མ་དེ་མགྲོན་གཉེར་རྒྱལ་ཚིང་ནས་རིམ་བཤེར་གྱིས་སྟོབས་པར་མཛད་པས་ཁོང་དཔོན་གཡོག་རྣམས་དགྱེས་པ་རབ་ཀྱི་རྩེར་སོན། དེའི་ཚེ་གཟིམ་ཆུང་རྩེར་རྒྱལ་པོ་ཡབ་སྲས་ལ་ཚེ་དབང་མཛད་སྐབས་ཆར་ཟིམ་བུར་འབབ་ཅིང་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱི་མཇལ་ཁ་རྟེན་བཤད་བཅས་རྗེ་ཉིད་ནས་སྩལ་བ་དང༌། གཞན་ཡང་བྱད་འགྲོལ་སོགས་ཐུགས་འདོད་ཀྱི་ཆོས་བཀའ་དང༌། མཆོད་འབུལ་ཐོག་ལྷ་ཆེན་ཁྱམས་སྟོད་དུ་གསོལ་སྟོན་རྒྱས་པ། འཕེལ་རྒྱས་བཞུགས་འཚེར་དུའང་ཁྲུང་བཞེས་སོགས་གོ་བབས་དང་བསྟུན་པའི་བདག་རྐྱེན་ཡང་དག་བཀའ་དྲིན་ཆེ་ནས་ཆུ་སྟོད་ཚེས་གསུམ་ལ་རྒྱལ་པོ་དཔོན་གཡོག་འཐོན་པ་སོགས་རྟེན་འབྲེལ་ཁྱད་པར་ཅན་དེ་འདྲའང་རིང་པོར་མི་ཐོགས་པར་གདུང་བརྒྱུད་རིན་པོ་ཆེ་ཕེབས་པའི་ལ་ཉེ་ཤིན་ཏུ་བཟང་བར་ངོས་འཛིན་མཛད། ཟླ་ནང་དེར་ཕུན་གླིང་དུ་ཕེབས་ཏེ་མོ་ལུང་བཞིན་བརྩེ་ཆེན་ལྷ་ཁང་དུ་རྗེ་ཉིད་ནས་ཕུར་བཟློག་ཤིན་ཏུ་རྒྱས་པ་ཉིན་བཞིའི་རིང་ནམ་ལངས་ས་རུབ་ལྟ་བུར་སྒྲུབ་གནང་གིས་ལྷ་ཆེན་སྟེང་ནས་ནུབ་ཏུ་འཕེན་པར་མཛད། གྲོ་བཞིན་ཟླ་ནང་ཙམ་ལ་སྤྱན་ལྟས་སུ། པུ་ཏྲར་ཕྲིན་འཆོལ་དམིགས་ཕུག་མཛད་ཚེ་ཆུ་ལུག་ནང་གདུང་བརྒྱུད་རིན་པོ་ཆེ་འབྱོན་པར་ལུང་བསྟན་པ་དང་དུས་མཚུངས་འདར་གྲོང་མཁན་ཆེན་ངག་དབང་ཤེས་རབ་ནས་ཀྱང་དགེ་འཕེལ་དུ་གདུང་རབས་མྱུར་འབྱོན་གྱི་གསོལ་འདེབས་ནན་ཏན་མཛད་པའི་མནལ་ལམ་དུ། འཇམ་དབྱངས་ཀྱི་བྲིས་སྐུ་ཞིག་གི་གྲས་ལ་བྱིས་པ་ཆུང་ངུ་དར་དང་རིན་པོ་ཆེས་བརྒྱན་པ་ཞིག་ཀྱང་བྱུང་བ་བཞིན་གདུང་བརྒྱུད་ཕེབས་ངོ་ཤིན་ཏུ་ཆེ་བ་འཁྲུངས་ཤིང༌། གཞན་ཡང་གྲོ་བཞིན་ནང་རྗེ་ཉིད་ནས་ནང་སོར་ཕྲིན་འཆོལ་ཞག་གཅིག་མ་དང༌། ཁྲུམས་ཟླའི་བཅུ་བཞི་ནས་བཟུང་གཏའ་གཏོར་ཟུར་བརྒྱད་པ་འཛུགས་གནང་དང་ཆབས་གཅིག་ཕྲིན་འཆོལ་ཞག་གསུམ་མ་མཛད་དེ་རྒྱལ་ཟླའི་བཅུ་བཞིའི་བར་དུས་གཏོར་ཆག་མེད་བཟུང་ནས་