R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༢༩
[A:༥༢༩]གཏོར་མ་སྤོ་བར་མཛད་དེ་ཆུ་ལུག་རྟ་ཟླ་ནས་ཆུ་སྟོད་ཀྱི་བར་ལ་གཏོར་འཛུགས་མཛད་པའི་དམ་བཅའ་གནང་ཞིང༌། དེ་ཁོངས་སུ་གདུང་བརྒྱུད་ངེས་པར་འབྱོན་པ་དང༌། དེ་ཡང་ཆུ་ལུག་ནག་ཟླའི་ཚེས་འགོ་རང་ལ་ངེས་པར་འབྱོན་པའི་ཕྲིན་འཆོལ་གནད་བསྣུན་མཛད་པའི་དུས་གཏོར་བཟུང་བ་གནང༌། མདོས་ཐོག་མཚོ་ཁ་ནས་གུ་ཤྲཱི་རྒྱལ་བརྒྱུད་ཇུན་ཝང་བསོད་ནམས་བསྟན་འཛིན་ཡབ་སྲས། བཙུན་མོ། སྐུ་ཚ། འཁོར་རགས་བསྡུས་བཅས་རྒྱལ་བསྟན་སྤྱི་བྱེ་བྲག་ལ་མི་ཕྱེད་པའི་ཐུགས་དད་བརྟན་པོས་བྱོན་པར་གོང་མ་བདག་པོ་ཆེན་པོས་ཝང་གི་ཚེ་ལོ་སྩལ་བས་ཁྱད་པར་དུ་ཆེ་ཞིང༌། སྤྱིར་ཡང་རྒྱལ་རིགས་གོ་ས་མཐོ་བ་དང༌། ཡང་སྒོས་ཆོས་རྒྱལ་ལུགས་ཟུང་མཁྱེན་སྤྱན་ཡངས་པ་བཅས་སྒོ་དུ་མ་ནས་བཀུར་བཟོས་གང་ཆེ་མཛད་ཅིང༌། རྒྱལ་པོ་ནས་ཀྱང་དངུལ་བྲེ་ཆེན་ཉེར་གསུམ་གྱིས་མཚོན་འབུལ་སྦམ་མཐོ་བ་དང་བཅས་ཞབས་བརྟན་རྡོ་རྗེའི་རེ་ཁཱ་ཅན་གྱི་རྟེན་འབྲེལ་མཛད་པ། དུས་མདོས་ཀྱི་ཞབས་ཏོག་ཉིན་གང་མ་འགན་བཞེས་སོགས་ངོ་མཚར་གྱི་མཛད་པ་དང༌། ཁོང་རང་གི་ཐུགས་བཞེད་རྣམས་ཀྱང་ཇི་ལྟ་བ་བཞིན་བཀའ་དྲིན་ཆེ་བས་དཔོན་ཡབ་སྲས་འཁོར་བཅས་དགྱེས་པའི་དཔལ་ལ་འཁོད། དུས་མདོས་ཀྱི་སྐབས་ཉེ་འགྱངས་གནས་གཟིགས་རྣམས་དང་འཐོན་ཕྱག་ཀྱང་སྩལ། ཉེར་དགུར་ཚོགས་ཆེན་མོར་དཔོན་ནས་དར་འགྱེད་དང༌། དེ་ཉིན་གནམ་གཤིས་ཤིན་ཏུ་རྩུབ་ཅིང་ཐལ་རླུང་ཉིན་ཁྱོངས་མ་བྱུང་བར་དཔོན་ཐུགས་དད་ཅན་གྱི་གསུང་འཕྲོས་སུ། ཐལ་རླུང་དེས་གཏོར་མའི་གདོང་མ་འགགས་པར་གཡས་གཡོན་དུ་ཡོལ་ནས་འགྲོ་བ་དེ་འདྲ་ངོ་མཚར་ཆེན་པོ་ཡིན་འདུག །ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་དོན་ལའང་དེ་བཞིན་བྱུང་གསུང་ངོ༌། །དེ་དག་གི་དོན་བསྡུ་ན། ཕན་བདེའི་རྩ་བ་འཁོན་རིགས་འདོད་འཇོའི་དཔལ། །མྱུར་བཞེས་ཐབས་བརྒྱའི་འཕྲུལ་