R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༠
[A:༥༣༠]མཁན་ཁ་ལོ་པ། །སྤྲུལ་པའི་དེད་དཔོན་སྔགས་འཆང་རྡོ་རྗེ་འཛིན། །དབང་ལྷའི་དངོས་གྲུབ་ཤེས་རབ་སྟོང་ཉིད་འཇིང༌། །ཞུགས་ཚེ་ཡ་མཚན་མཐུན་པའི་རླུང་གི་ལྟས། །ཅི་ཡང་གཡོ་བའི་མོད་དུ་གྲུ་འཛིན་རྩེར། །གསེར་ཁྲིར་མངའ་གསོལ་མཆོད་པའི་ཕྲེང་བསྟར་ནས། །དཔལ་འབྱོར་རྒྱལ་མཚོའི་ལྟོ་འགྲོའི་གཙུག་གི་ནོར། །རྟེན་འབྲེལ་དང་བཅས་ས་བཅུད་སྨིན་རྗེས་སུ། །ཕྲིན་ལས་ལྷ་ཡིས་དཀར་ཕྱོགས་བ་དན་དང༌། །ལས་མཁན་མོན་བུ་དགྱེས་འཛུམ་གསང་ལུང་གྲོལ། །དྲེགས་ལྡན་རྒྱལ་པོའང་ས་འདིར་བསྐྱོད་ཅིང་འདུད། །ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་སོ་ལྔར་ཕེབས་པ་ཆུ་ལུག་རྒྱལ་པོ་ལོ་གསར་ཉིན་གོང་གི་དཔོན་ལ་ཚེ་དཔག་མེད་ལྷ་དགུའི་དབང་དང༌། གསོལ་སྨན། མགུལ་སྲུང༌། རྡོ་སྐུའི་ཁ་སརྦ་ཎི་ཁྱད་མཚར། རྗེ་ཉིད་ཀྱི་རྒྱུན་བཞེས་ཞལ་དཀར་འབྲས་སིལ་གྱིས་གང་བ་སོགས་སྩལ་ནང་སྦྱར་བཀའ་མཆིད་ཚང་མ་སྙན་དུ་ལྷོན་ངེས་དང༌། ཚོམས་ཆེན་དུ་བླ་བྲེ་ཡོལ་བ་སོགས་གཟབས་མས་མཛེས་ཤིང༌། གོ་བབས་དང་བསྟུན་པའི་བཞུགས་སྟན་སྡེར་ཁ་སོགས་ཀྱི་ཐོག་ལེགས་བཤད་རིགས་ལུང་གི་བགྲོ་གླེང་བཅས་གྲ་བགྲིག་མཛད་མཐར་དཔོན་ཡབ་སྲས་འཁོར་བཅས་ཀྱིས་རྗེ་ཉིད་ལ་མགུལ་དར་སྒྲོན་པ་དང་བསྟུན་སྐྱབས་འཇུག་གི་རྗེས་འཛིན་ཞུ་བ་དང་གང་ཅིའི་ལེགས་ལམ་མཚམས་ལ་ལྷ་མི་ངོ་འཕྲོད་ལྟ་བུའི་འཕྲོས་ཡོང་ཚུལ་ཞུས་ཤིང༌། རྗེ་རྡོ་རྗེ་འཆང་ནས་ཀྱང་ལུགས་ཟུང་གི་ཞལ་ཏ་མཐའ་འདོམས་བཅས་གནང་བས་ཁོང་ཐུགས་འཕྲེང་ཉམས་འབྲལ་མི་ཕོད་པ་ལྟ་བུའི་སྤྱན་ཆབ་དང་ཐུགས་སྨོན་ཡང་དག་མཛད་པ་དང་མཉམ་དུ་སྲས་ཆུང་ངུ་དེས་ཀྱང་སྐུ་མདུན་གྱི་གསོལ་ལྕོག་བརྐོས་མ་ནས་བཟུང་སྟེ་སྨོན་ལམ་མཛད་པ་སོགས་ཡབ་སྲས་གཉིས་ཀ་ཐུགས་ཚིམས་པའི་གོ་འཕང་ལ་འགོད་པར་མཛད་དོ། །དེ་དུས་འདི་ཕྱོགས་ཁ་ཏར་ད་ལོ་དཔོན་ཁག་སྟོབས་ཆེན་སྲས་བཙུན་མོ་བཅས་