R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༡
[A:༥༣༡]ཤིས་པར་ཕེབས་ཤིང་མདོས་ཆེན་ལོ་གསར་བཅས་གཟབས་ལུགས་འདིའི་སད་ལོའུ་འུ་ཅག་ལ་མདོས་ཆེན་གཟབས་སྤྲས་བྱེད་རྒྱུ་ཡོང་ཟེར་བའང་དོན་ལ་གནས། དེ་ནས་གཏོར་སྤོད་སོགས་འཆར་འཕར་ཅི་རིགས་མཛད་མུར་ཚོམས་དམར་གནམ་ཡངས་ལ་འགྲེམས་རྒྱུའི་བཟང་གོས་ཁྲ་བསྒྲིགས་ཀྱི་ནོར་བུའི་དོ་ཤལ་གསར་བསྐྲུན་གྱི་བཀའ་འདོམས་དང༌། སྐུ་རིམ་ཆེན་མོ་དང་ཉེ་བར་མངའ་རིས་འཕེལ་རྒྱས་གླིང་གི་གྲྭ་པ་རྣམས་ལ་མཇལ་ཕྱག་གནང་བའི་ནུབ་མོ་འོད་གསལ་དུ། ས་ཆེན་གྱི་སྐུ་ཞལ་བྱང་གཟིགས་ཤིན་ཏུ་དགྱེས་ཉམས་ཅན་འཛུམ་ཞིང་གསུང་འབྱོན་ལ་ཁད་ལྟ་བུ་ཞིག་འཁྲུངས་པ་རྗེས་སུ་དགོངས་ཚེ་ཟླ་བ་ཕྱི་མར་གདུང་བརྒྱུད་རིན་པོ་ཆེ་ཞལ་གཟིགས་པའི་ལྟས་དང༌། ནག་ཟླའི་ཚེས་བརྒྱད་རྒྱལ་ཕུར་འཛོམས་པས་རིག་བྱེད་མ་དང་ཚོགས་བདག་ཉིན་ཐང་གསར་བསྐྲུན་དང༌། གདུང་རབས་མྱུར་འབྱོན་སྐུ་རིམ་ལ་གལ་ཆེ་བའི་ཚོགས་བདག་བསྐང་གསོ་ལྗགས་བསྒྲིགས་ཉམས་སུ་བླངས་བདེ་བར་མཛད་པ་འདིའི་ཤོམ་དབྱངས་རོལ་དང་བཅས་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་ཞེས་རྒྱ་བོད་ཁམས་གསུམ་དབང་སྡུད་དེའི་བཞུགས་ཁྲི་པདྨ་ཅན་གྱི་སྟེང་ནས་གནང་རྒྱུའི་ཐོ་རེངས་ཚོགས་བདག་ཡུས་པ་ལྟ་བུས་གློ་བུར་དུ་ཡུམ་མཆོག་ཉིད་ལ་སྐུ་ཁྲག་ལྟ་བུའི་སྙུན་ཐུ་མོས་ཅི་མཛད་གཏོལ་མེད་དུ་གྱུར་ཀྱང༌། རྗེ་རྡོ་རྗེ་འཛིན་ཉིད་ཀྱི་ཐུགས་དམ་ཟབ་མོ་དང༌། གསོལ་སྨན། རིམ་གྲོ་སོགས་ཀྱིས་མྱུར་དེངས་དང༌། དེ་ཉིན་མང་སྦྱིན་གྲས་སུ་དམ་སེལ་ཅན་གྱི་མི་རྒན་ཞིག་རྒྱབ་ཁུར་འཁྱེར་བཞིན་དུ་མཇལ་ཕྱག་ལ་བྱུང་བས་དེས་རྐྱེན་བྱས་སམ་དགོངས་པའི་ཐུགས་དོགས་བཅས། གང་ལྟར་གདུང་བརྒྱུད་རིན་པོ་ཆེ་ཚེས་བརྒྱད་རྒྱལ་ཕུར་ཉིན་འབྱོན་རྒྱུར་ཞག་གཅིག་འགྱངས་ཀྱང་དངོས་གཞི་རྟེན་འབྲེལ་ཤིན་ཏུ་ལེགས་པ་ནི་སྔར་ནས་མ་བསྒྲིགས་རང་འགྲིག་ནོར་བུའི་དོ་ཤལ་འདིས་ཐོག་དྲངས་སྤྱན་