R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༢
[A:༥༣༢]གཟིགས་དུ་མ་དང༌། འཕགས་པ་རིན་པོ་ཆེའི་དབང་ཏིང་ཛྷཻཀྵིམ་མར་མཆོད་བཤམས་ཀྱིས་ཚོགས་བདག་གི་བསྐང་བ་ཐོག་མ་དེ་ཚུགས་པར་མཛད་པའི་སྤྱན་འདྲེན་དང་བསྟུན་ཁའུ་ཕྱོགས་ནས་ཁ་བ་བུ་ཡུག་འཚུབས་པ་སོགས་ལྷ་འགོ་བའི་རྟགས་དང་བཅས་གསུང་བསྐང་ཡོངས་རྫོགས་ཉིན་ཁོངས་སུ་གྲུབ་པར་མཛད། དེ་དུས་ཡུམ་ཡང་སྙུན་གཞི་ལས་གྲོལ་བས་ཡབ་ཡུམ་ཞལ་རྒྱས་ཏེ་དམར་པོ་སྐོར་གསུམ་གྱི་སྐུ་པར་འདེབས་གནང་དང༌། ཚེས་དགུ་དང་བཅུར་ཡང་ཚོགས་བདག་བསྐང་གསོ་ གནང་མུའི་དགུའི་སྲོད་འཁོར་ཙམ་ནས་བཟུང་ཁ་བ་ཅུང་ཟད་འབབ་མུར་སྐུ་གདུང་རིན་པོ་ཆེ་བལྟམས་རན་པས། རྗེ་རྡོ་རྗེ་འཛིན་ཉིད་ཐུགས་ལྷག་པར་སྤྲོ་བའི་ངང་ནས་རྒྱལ་ཚིང་སོགས་དེ་སྐབས་ཀྱི་ཞབས་ཕྱི་རྣམས་ལ་སྲུང་འཁོར། སྲིད་པ་ཧོའི་ཙཀླི་བཅས་འདོགས་པར་མཛད་པ་དང༌། གང་ལ་གང་དགོས་སྔགས་དང་རྩིས་སྨན་ནས་བཤད་པའི་ཉེར་མཁོ་མཐའ་དག་འདུ་མཛད་ཅིང༌། ཡུམ་ལའང་གང་ཅིའི་བཀའ་འདོམས་ལྷུས་ཐེངས་ཞིབ་ལྷུག་སྩལ་རྗེས་རྩ་བའི་བླ་མ་དམ་པ་དང་དབྱེར་མེད་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང༌། སངས་རྒྱས་སྨན་བླ། རྗེ་བཙུན་སྒྲོལ་མ་རྣམས་ལ་ཐུགས་སྨོན་གསོལ་འདེབས་རྩེ་གཅིག་ཏུ་མཛད་ཀྱིན་བཞུགས་པས་སྔར་གྱི་ཁ་བ་ཆར་དུ་གྱུར་ནས་ཆེས་ཆེར་ཉིལ་བ་དང་ཆབས་གཅིག་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡུམ་ལ་གནོད་པ་མེད་པར་བདེ་བར་སྐུ་བལྟམས་པའི་གཏམ་བཟང་སྙན་དུ་ལྷོན་མ་ཐག་རྗེ་རྡོ་རྗེ་འཛིན་ཉིད་དགའ་མགུ་ཡུས་པའི་རྣམ་པ་དང་ལྡན་བཞིན་དུ། ན་བཟའི་ཁྲོད་ནས་དབུ་ཞྭ་གང་ཐེབས་ཤིག་བསྣམས་པས་ཁ་གསར་སྤུས་ལེགས་ཤིག་ཕྱག་ཏུ་སོན་པ་དེ་བཞེས། དེ་དུས་གནས་བཅུར་ཁ་བཏགས་མང་པོ་སྐྱ་ཉོག་གེ་མཆིས་པའི་ཁྲོད་ནས་རྗེ་བཙུན་རིན་པོ་ཆེའི་སྣང་བརྙན་གསར་བཞེངས་དང༌། ལུང་བསྟན་སྒྲོལ་མ་ཟུང་ལ་སྙན་ཤལ་དང༌། ཡུམ་སྲས་ལ་སྩལ་རྒྱུའི་ཁ་བཏགས་བཅས་མཛོད་