R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༣
[A:༥༣༣]རྙིང་སྤུས་ལེགས་འབའ་ཞིག་ཕྱག་ཐེབས་རྣམས་བསྣམས་ནས་བྱོན་པས། སྔོན་གྱི་བླ་མ་གོང་མ་རྣམས་དང་ཆ་འདྲ་བར་གསུང་འབྱོན་ལ་ཁད་ལྟ་བུར་སྤྱན་གཉིས་རྗེ་ཉིད་ལ་དངས་གསལ་སྒྲིབ་མེད་དུ་གཟིགས་ཤུགས་ཆེ་བར་བཞུགས་པས། རྗེ་ཉིད་ཀྱི་ཐུགས་དགོངས་ལ་སྔར་རྗེ་བཙུན་ས་སྐྱ་པའི་བསྟན་པའི་རྩ་བ་གདུང་རབས་རིན་པོ་ཆེ་འབྱོན་དཀའ་བ་དེ་ཙམ་གྱི་ཐུགས་ཁུར་བཟོད་པར་མཛད་ནས་གང་ཅིའི་ཐད་ལ་འོན་སེང་འགྱོད་མེད་མཛད་པ་ཕྱག་ཐོག་ཏུ་ཁེལ་བ་འདིའང་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཉག་གཅིག་ཏུ་འཁུམས་པས་བསླུ་མེད་རྟེན་འབྲེལ་གྱི་ཆོས་ཉིད་ལ་སླར་ཡང་ཐུགས་སྤྲོ་བའི་ངང་དུ་དར་ཅིག་འབྱམས་པར་གྱུར། དེ་ནས་རྟེན་ཟུང་ལ་སྙན་ཤལ་དང་སྲས་ཡུམ་ཞལ་རྒྱས་ལ་མགུལ་དར། འབྲས་དཀར་གྱི་མེ་ཏོག་ཉིལ་བཞིན་པར་ཕར་ཕྱིན་དྲུག་གི་བཀྲ་ཤིས་ཀྱི་མངའ་གསོལ་ཡང་བཀའ་དྲིན་ཆེ། དེ་ནུབ་རྗེ་རྡོ་རྗེ་འཛིན་ཉིད་ཧ་ཅང་ཐུགས་སྤྲོ་ཆེས་པས་འོད་གསལ་ཡེར་བ་ལྟ་བུ་ཞིག་འཁྲུངས་ཀྱང་སང་ཉིན་སྐུ་གཟུགས་རྒྱུན་ལས་ཀྱང་བདེ་ཞིང་ཐུགས་གསལ་ལ་ཞལ་བཀོད་རྣམས་འཁྲུངས་བདེ་བ་སོགས་གྲུབ་མཚན་མངོན་སུམ་དུ་སྟོན་པར་མཛད་ནས་ནམ་ལངས་མ་ཐག་གཟིམ་ཆུང་རྩེར་ལྷ་བསངས་དང༌། རྒྱུན་གྱི་ཞལ་འདོན་ཉམས་བཞེས་སུམ་ཅུར་ཉེ་བ་རྣམས་གྲུབ་འཕྲལ། སྐུ་རྟེན་བི་རཱུ་པའི་སྣང་བརྙན་སྡིགས་མཛུབ་ཀབ་ལི་ཅན་ཁྱད་མཚར། གསུང་རྟེན་རིག་གཏེར་རིག་གནས་དུ་མ་འདུས་པའི་ཡིག་ཆ། ལམ་ཟབ་དང་བིར་བསྲུང་ཕྱི་ནང་སོགས་ས་སྐྱ་པའི་ཡབ་ཆོས་དུུ་མ་འདུས་པའི་དཔེ། ཐུགས་རྟེན་ལྕགས་ཀྱི་རྡོ་རྗེ་རྩེ་དགུས་ཐོག་དྲངས་རྟེན་འབྱུང་དངོས་སྐྱེས་བཟང་དགུ་བཅས་སྩལ་ཏེ་ཕན་བདེ་འབྱུང་བའི་སོགས་དགེ་ལེགས་ཚིགས་བཅད་ཁ་ཤས་བཅས་པའི་ལེགས་སོ་དང༌། ཡུམ་མཆོག་ལའང་བྱས་ཤེས་དྲིན་གཟོ་དམ་པའི་རང་བཞིན་ཅན་གྱི་གནང་ཆ་དང༌། ཞམ་འབྲིང་པ་རྣམས་ལའང་དེ་བཞིན་བཅས་མཛད་ཅིང༌། ཆོས་བཀའི་ཐོག་མར་རྗེ་བཙུན་ས་སྐྱ་པའི་ཡབ་