R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༤
[A:༥༣༤]ཆོས་སྐྱོབ་པ་འཆི་མེད་དབང་པོ་ལྷ་དགུའི་བཀའ་དབང་གི་སྣ་བདུན་རྫས་བརྒྱད་རྣམས་གདུང་བརྒྱུད་རིན་པོ་ཆེའི་སྐུ་པང་དང་བཞུགས་གདན་ཁར་འཇོག་པར་མཛད་པས་དེའི་ཚེ་གཞན་ལས་འཇེམ་ཆགས་པ་ཞིག་བྱུང་གསུངས། དེ་ནས་གུ་རུ་དྲག་དམར་གྱི་དབང་ཕུལ་གྲུབ་འཕྲལ་རྗེ་ཉིད་ཀྱི་དབུ་སིལ་བཀའ་དྲིན་ཆེ་བའང་གོང་གི །གང་ན་ཐོད་དང་སྐྲ་གསར་དང༌། །ཞེས་སོགས་ཀྱི་ལུང་དང་འབྱོར། དེ་ནས་དབང་ཁང་ཕུར་མཆོད་གཏོར་གཟབས་བཤམས་ངོས་སྔ་མགྱོགས་ཀྱི་གཏང་རག་དང༌། རྒྱུན་རིང་བར་ཉིན་ལྟར་སྐུའི་རྐྱེན་སེལ་མཐའ་ཡས་པ་ཞིག་མཛད་པར་གྲགས། སྐུ་བལྟམས་ནས་ཞག་བཅུ་ཟླ་བཅུ་ལོ་བཅུ་རྣམས་ལ་སྐུ་རིམ་གཟབ་དགོས་མཆིས་པ་བཞིན་ཞག་བཅུ་པའི་སྐུ་རིམ་ལ། ཆོས་གྲ་ཉི་ཟླ་ཟུང་གི་དགེ་འདུན་རྣམས་ནས་གཟབས་སྤྲོས་བཅས། ཚེ་ཆོག །གསུང་སྒྲོགས། མགོན་ཁང་ཁག་བཞིར་ལྷ་བསངས་བསྐང་གསོ་བཅས་དང༌། རྗེ་ཉིད་ནས་ནང་སོར་སྔ་མགྱོགས་བཏང་རག་དང༌། གཞན་ཡང་གསང་ཁོག་ཏུ་མཆིས་པའི་རྗེ་བཙུན་དྲུང་རྣམས་དང་མཁན་ཕྱག་གཉེར་གསུམ་སོགས་ནས་སྐབས་བབས་ཀྱི་ལེགས་འབུལ་དང༌། གཟའ་སྐར་དགེ་བའི་ཐོག་མཚན་ཀྱང་དར་དཀར་ལ་མཚལ་གྱིས་དཔལ་ལྡན་ཆོས་སྐྱོང་ངམ་དབང་སྡུད་སྙིང་པོར་གསོལ་བ་ནི་རྗེ་ས་ཆེན་གྱི་སྤྲུལ་གཞི་དེ་དང་འཁྲུངས་སྐབས་དབང་ལྷ་ཚོགས་བདག་གི་བསྐང་གསོ་ཚུགས་པས་ན་དབང་སྡུད་དང་ས་ཆེན་གྱི་མཚན་མཐའ་སྙིང་པོར་གསོལ་བ་བཅས་འདྲི་བའི་དབུ་ཚུགས་པ་དང་ཚོགས་དུང་གསུང་བསྐུལ་ལྟབས་འགྲིག་ཀྱང་བྱུང་ཞིང༌། དེ་ཉིན་གསང་ཡུམ་སྔོན་མའི་སྲས་མོ་དགུང་གྲངས་ལྔ་མ་ཚེ་འཛིན་དཔལ་བསྐྱེད་བུ་འཁྲིད་ཅེས་ཐུགས་རིག་གྲུང་པོ་དེ་རང་གི་ཐུགས་ཚགས་ཉེར་མཁོ་ཉུང་ངུའི་ཁྲོད་ནས། སྡེར་ཆུང་ཞིག་གྲོས་ཕྱུར་པོར་བཀང་སྟེང་དཀར་སྔོན་ཆུང་ངུ་འཐུས་གང་བ་དང༌། མགྲོན་བུ་ཁ་ཤས། དངུལ་གྱི་ཐུར་ཆུང་ཁ་བཏགས་བཅས་གང་