R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༥
[A:༥༣༥]གི་མིང་ཕོ་གདུང་བརྒྱུད་རིན་པོ་ཆེར་ཕུལ་ནས་ཐུགས་མཉེས་པའི་རྣམ་འགྱུར་ཅི་ཡང་མཛད་པས་རྗེ་ཉིད་སྤྱིར་ཡང་སྲས་མོ་དེར་བྱམས་རྩིས་ཆེ་བ་དང༌། སྒོས་སུ་ཆུང་ངུ་དེས་རྣམ་དཔྱོད་དོད་པོ་དེ་འདྲ་མཛད་པས་ལྷག་པར་བརྩེ་སྐྱོང་བཅས་དེ་སྐབས་ཀྱི་གྲོ་མགྲོན་མཚན་བྱང་རྣམས་རྟེན་སྒམ་དུ་གཞུག་པར་མཛད། ཟླ་མཇུག་དེར་ཁྱད་བྱང་དུ་གཏང་རག་གཏོར་བསྔོ་བརྒྱ་ཚར་དང་དུས་གཏོར་ཆེན་མོ་ལྷན་དུ་གནང་ཞིང༌། ས་གའི་མགོར་བདེ་མཆོག་རྗེ་བཙུན་རྣམ་གསུམ་ནས་ལེགས་སྐྱེས་དང་ཟླ་མཇུག་སྨན་ཆབ་ལ་ཕེབས་སྐབས་གཉེར་བགྲེས་སོགས་ནས་ད་ལོ་འུ་ཅག་འདི་འདྲའི་སྐུ་ཇུས་འགྲོ་བ་ཞེས་སོགས་མི་རྒན་བསམ་པ་རྫོགས་ཚུལ་གྱི་འཕྲོས་ཞུ་དང༌། དེ་དུས་ཆོས་གྲ་ལྷོ་བྱང་འདུས་ཚོགས་ལ་བདེན་ཚིག་བཀྲ་ཤིས་འགྱུར་མེད་གཡུང་དྲུང་ཐུགས་འཛིན་དུ་སྩལ། སྣྲོན་ཟླའི་ཚེས་དགུར་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཉིན་ལྷ་མོ་གསོལ་མཆོད་མཛད་རྒྱུའི་ཤར་མདའ་བཏང་ཙམ་ལ་གནས་བཅུའི་རྩེ་ནས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་ཏེ། མདུད་པ་སོགས་ཀྱིས་སྡུན་བསུས་སྒོ་རུམ་རྩེར་བཞུགས་ཁྲི་འདྲེན་ཆས། བྱིངས་ལ་གདན་ཐོབ་དཀར་ཡོལ་ཇ་འདྲེན་དངུལ་ཏིབ་བཅས་ལྷ་བསངས་གྲོལ་ནས་མཁན་ཕྱག་བན་ཚང་སོགས་ཚོམས་དམར་དུ་ཇ་མགྲོན་ཐོག་མཛོད་འཛིན་ནས། གདུང་བརྒྱུད་རིན་པོ་ཆེ་ཞལ་གཟིགས་པའི་ཞབས་བརྟན་འཛུགས་རྒྱུ། ལེགས་འབུལ་སོགས་ཀྱི་བརྡ་འགྲིམས་དང༌། དེ་ནས་ལྷ་མཆོད་གྲུབ་ནས་མར་ཕེབས་གདོང་སེར་ཁར་རྩེ་ནས་ཆོས་དུང་གསུང་བསྐུལ། དར་འཕྱར། དུང་ཆེན། ཆ་ཞབས་ཁམས་དྲུང་བསམ་བརླིང་དུ་གཞས་པ་རྣམས་ནས་བྱ་ཁྲ་མའི་བྱང་གི་གསིང་གཤོངས་སུ་བསུ་བའི་ཞལ་བཀོད་བཅས་སྔོན་དུ་བཏང་ནས། ལྷ་ཁང་ཆེན་མོར་གཡས་བསྐོར་གྱིས་ཤོགས་ཆེ་བར་ཚོམས་དམར་དུ་ནོར་བུའི་དོ་ཤལ་