R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༦
[A:༥༣༦]བཀྲམ་པ་དང་སོ་སོའི་གདན་བཀོད་བཅས་མཆིས་པར་ཤར་མར་ཕེབས་ཏེ། བཞུགས་ཁྲི་པདྨ་ཅན་གྱི་སྟེང་ནས་ལེགས་སྐྱེས་རྣམས་ཐུགས་སྤྲོ་བའི་ཤོགས་རགས་དང་བཅས་བཞེས་པས་སྐྱ་སེར་ཀུན་ཤེས་པ་འུར་ཞིང་སིང་ཁྲོག་ཁྲོག་འཛུམ་ཉམས་ཅན་རྐྱང་པ་རིམ་བཞིན་བྱུང༌། ཞེས་གསུངས། དེ་དུས་ཚོགས་ཆེན་དབུ་བྱེད་བཟོད་པས་ཞབས་བརྟན་བདེན་ཚིག་བསྐུལ། སླར་ཡང་ཆོས་དུང་གསུང་བསྐུལ་གྱིས་ཚོམས་དམར་དུ་ཞབས་བརྟན་སྐུ་རིམ་དང་རྗེ་ཉིད་ནས་སྒོ་རུམ་གཏང་རག་ཞག་འདུན་མའི་དབུ་ཚུགས་ཙམ་གྱིས་ཉིན་གུང་དུ་གྲོལ་བར་གནང༌། དེ་སྐབས་འདི་གའི་ལྷ་མིའི་སྡེ་ཚང་མ་ནས་གཏམ་སྙན་དར་འཕྱར་གྱི་བརྡབ་ཤོགས་བོ་དོང་སོགས་གཞན་རྣམས་ནས་ཀྱང་བགྱིས་པས་དུད་ཆུང་སོགས་མདུང་དང་མདའ་དར་མེད་པ་རྣམས་དབྱུག་པ་རང་བཞིན་གྱི་རྩེར་དར་རས་གང་འབྱོར་འཕྱར་བ་སོགས་ཀྱི་གནས་ཚུལ་བྱ་གཤོངས་མཁན་རྙིང་ནས་སྙན་དུ་ཕུལ། རྟེན་འབྲེལ་དེས་དེ་ནུབ་ནས་བཟུང་ཆར་དྲག་པོ་ཡུལ་ཕྱོགས་ཀུན་ཏུ་བབས་པས་རི་ཀླུང་གི་རྩ་འབྲུ་རྣམས་འབྱོར་པ་ཕུན་སུམ་ཚོགས་པས་ཕལ་ཆེར་དེ་ཁོ་ནས་དགའ་མགུ་ཡི་རང་དུ་གྱུར་ཅིང༌། སང་དེ་ནས་བཟུང་སྒོ་རུམ་དུ་གུར་ལྕམ་དྲལ་ལ་གཏོར་བསྔོ་བསྐང་བ་བརྒྱ་རྩ་སོགས་མཛད་སྐབས་གོང་གི་བྱ་གཤོངས་མཁན་རྙིང་ནས། བླ་མ་ལྷ་ཁང་དུ་སྐུའི་རྣམ་འགྱུར་ཧ་རེ་ཧོ་རེའི་ངང་ནས་ལེགས་སོ་ཕུལ་བས་གཞན་ལས་ཐུགས་ལ་བབས་པ་བྱུང་གསུངས། ཞག་ཤས་ནས་ཁོང་ལ་འཐོན་ཕྱག་སྐབས་གོང་གི་གནས་ཚུལ་རྣམས་རིམ་བཞིན་གསུང་པས་ཁོང་བཞུགས་གདན་ཁ་ནས་ཕྲུག་ཕྲུག་གསིག་གསིག་གི་རྣམ་འགྱུར་མཛད་པར་གླེང༌། དེ་ནས་མདུང་དར་སྙན་ཤལ་སྤྱན་གཟིགས་རྣམས་དང་བཅས་སྐྱེད་ལྷས་སུ་ཆིབས་བསྐྱོད་ཀྱིས་ཞམ་འབྲིང་བ་རེ་གཉིས་མ་གཏོགས་མཛོད་འཛིན་སོགས་ཚང་མ་ས་སྐྱར་མངགས། དེ་ལོ་ཐམས་ཅད་ལ་དགའ་ཉམས་ཀྱིས་རྟ་ཞོན་ནས་