R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༧
[A:༥༣༧]བྲེལ་པོར་འགྲོ་བ་ལ་དཔེ་མེད་མཉེས་འགྲོ་བ་ཞིག་ཡོད་གསུངས། དེ་ནུབ་འཕགས་པ་ཕུག་ཏུ་གསུང་བསྐང་བསྡུས་ཙམ་དང་སང་དེ་ནས་དམ་ཚིག་བསྐང་གསོ་དང༌། རྗེ་ཉིད་ནས་སྐྱེད་ལྷས་རྩེ་དང་སྒྲུབ་སྡེ་བ་རྣམས་འཕྲལ་ནས་ཕྱོགས་བཞིའི་རི་རྩེར་བསངས། དེའི་ཚེ་ས་སྐྱར་སྲས་ཡུམ་ནས་གནས་ཚུལ་གྱི་གསུང་བྲིས་ཚིགས་བཅད་མ་ཕུལ་བའི་བཀའ་ལན་ཡང་ཚིགས་བཅད་ངོ་མཚར་ཅན་དུ་མཛད་དེ་ཐུགས་དགེས་པའི་ངང་ནས་སྩལ། དེ་དུས་སྤྱན་ལྟས་སུ། དངུལ་བུམ་གཡུ་ཕྲ་ཅན་སོགས་ཆོས་སྐྱོང་དགེས་པའི་མཚན་མ་མང་ཙམ་འཁྲུངས་ཀྱང་ཆོས་སྐྱོང་བཀའ་གཉན་པའི་སྟབས་དེ་ཙམ་ལས་ཟིན་བྲིས་མ་མཛད། གྲོལ་ཉིན་ལྷོའི་སྤང་སྟེང་དུ་གཏོར་འབུལ་སོགས་མཛད་ནས་ཁང་གསར་མཁན་ཆེན་བསོད་ནམས་བཟང་པོའི་ཕྱག་ཕྲེང་མི་ཐོད་མ་རྗེ་ཉིད་ནས་གུར་གྱི་ཡི་གེ་བདུན་མ་འབྲུ་འབུམ་བཟླ་གནང་དེའི་རྒྱན་མདོ་འཛིན་བཅུ་ཤད་བཅས་བྲག་སྒོའི་བུག་ནང་དུ་འབུལ་གནང་ནི། ཕྱིས་ཤིང་འབྲུག་ལོ་ཁང་གསར་ཞབས་དྲུང་ནས་འཇམ་མགོན་སྐུ་མཆེད་ལ་ཞལ་པོད་དང་མགོན་པོད་ཁ་ཤས་ཀྱི་ལུང་སྩལ་བ་སོགས་མ་འོངས་མངོན་མཁྱེན་གྱིས་རྟེན་འབྲེལ་བཟང་པོ་བསྒྲིགས་པར་མཛད་རྗེས་མདུང་དར་གསུམ་སྔོན་འགྲོའི་གླུ་གཞས་གྱིས་བསུ་བ་བཅས་བསམ་བརླིང་དུ་ཕེབས། དེ་ནུབ་ཀྱང་མཛོད་འཛིན་འཁོར་བཅས་ས་སྐྱར་བྱོན་དུས་ཤེ་མུན་འཐིབས་ནས་འགའ་ཞིག་ལམ་དུ་མགོ་འཁོར་བའང་གད་མོའི་གནས་སུ་བགྱིད་པ་ལས་ངལ་བའི་རྣམ་པ་གཏན་མི་བྱེད་པའང་བྱུང་གསུངས། བཞུགས་རིང་བསངས། གངས་མཆོད། རབ་གནས། དམག་ཟོར་མའི་གཏོར་བསྔོ་བརྒྱ་རྩ། བསྐང་བ། གསོལ་ཁ། མངའ་གསོལ་སོགས་བཀའ་དྲིན་ཆེ་ཞིང་གླུ་གཞས་པར་ཇ་མར་ཤ་ཆང་ཁ་བཏགས་སོགས་སྩལ། སྔ་དགོངས་ཞལ་འདོན་གྱི་གསེང་ལ་པུ་ཏྲའི་མངའ་གསོལ་དང་རྟག་གཏོར་བཅའ་བསྒྲིགས་འཕྲོས་