R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༨
[A:༥༣༨]ས་སྐྱར་ཕེབས་སྐབས་ཀྱི་ཞལ་བཀོད་ཕྱག་བྲིས་རྣམས་དང༌། གྲོལ་ཉིན་ཤར་གྱི་སྤང་སྟེང་དུ་གཏོར་འབུལ་མཛད་རྗེས་ཆིབས་བསྐྱོད་དེ་སྒྲོལ་མ་ལྷ་ཁང་དུ་མདུང་དར་གསུམ་སྔོན་འགྲོའི་རྒྱལ་ཡུམ་གཉེར་བགྲེས་སོགས་ནས་གཟབས་བཞེས་ཀྱིས་ཆིབས་བསུས། རྗེ་ཉིད་ནས་མཎྜལ་བཞི་པའི་གསུང་ཆོག་གྲུབ་འཕྲལ་ལྷ་ཆེན་བསྐོར་ནས་ཕེབས་སྐབས། སོས་བསྐོར་བ་དང་སྨྲོན་ཟླའི་ཉེར་བརྒྱད་སེར་འདུ་གྲོལ་བའི་མི་མང་གྱེས་ཐོག་འགའ་ཞིག་འཁུར་པོ་མགོ་སྟེང་ཁྱེར་བཞིན་དུ་གུས་འདུད་དང་བཅས་འགྲོ་བ་རྟེན་འབྲེལ་དགེ་བར་གཟིགས། དེ་ནས་ནང་སོའི་རྟག་གཏོར་གཟུངས་གཞུག་དང༌། གཏོར་སྒམ་ནང་གཞུག་རྒྱུའི་ལས་མགོན་བྱེ་བྲག་གི་དྲུག་ལྡན་རྟེན་ཚོགས་རྣམས་ལ་གཟིགས་རྟོག་དང༌། མ་འཐུས་པ་བཟོ་རྒྱུའི་བཀའ་འདོམས་རྣམས་མཛད་ཅིང༌། སང་དེ་ནས་ནང་སོར་གཏང་རག་ཐོག་རྟགས་གཏོར་བདུད་རྩིར་སྒྲུབ་གནང་དང་ལྷ་སྒྲུབ་ཀྱི་ལྗགས་བཟླས་གྲངས་ནི་གཏོར་སྒམ་གཤམ་ཡིག་ན་གསལ་བ་བཞིན་དང༌། གནམ་གང་ཐོ་རེངས་པུུ་ཏྲ་ཆེན་པོ་མི་ཞིག་ལ་བབས་ནས་དར་དཀར་གྱི་ཐོད་དང་ཆུ་བ་དཀར་པོ་བཞེས་ཤིང༌། ཕྱག་ནས་བཀྲ་ཤིས་ཁ་བཏགས་འདོམ་འཁོར་མ་ཞིག་རྗེ་ཉིད་ལ་ཕུལ་བ་དང་བསྟུན། གསུང་ལས། འདྲེ་ལ་དྲུག་ལྡན་རྟེན་ཚོགས་འདི་འདྲ་སྐུ་དྲིན་ཆེ་བྱུང༌། ཞེས་དེ་མ་ཐག་སྐུ་སངས་པའི་རྣམ་པ་བྱུང་ཡང་དོན་དུ་པུ་ཏྲ་ཆེན་པོའི་ཞལ་མངོན་སུམ་དུ་བསྟན་ཅིང༌། དེ་ནས་རྗེ་ཉིད་ཀྱིས་སྐུ་རྟེན་པ་ཡིན་རྒྱུའི་མི་དེ་ལ་འཇུ་བར་མཛད་དེ་ལས་མགོན་ཆེན་པོ་ཞེས་བོས་ནས་ལུང་བསྟན་ཡོང་རེ་གནང་མུར་མནལ་སད་པས་ཤིན་ཏུ་ཕོངས་པ་ཞིག་འཁྲུངས་པའི་ཚུལ་འདི་ནི། འཇམ་དབྱངས་མཁྱེན་བརྩེ་ལ་མཁའ་སྤྱོད་མ་དང༌། ཨ་མེས་ཞབས་ལ་མཁའ་འགྲོ་མ་ཞིག་གིས་དབང་གི་བརྡ་མཛད་པ་སོགས་ཀྱི་མུར་མནལ་སད་པས་ཐུགས་ཕོངས་པ་དང་མཚུངས་པས་རྗེ་བཙུན་གོང་མ་འཁྲུལ་ཟད་རྣམས་ཀྱི་རྣམ་ཐར་ཤ་དག་གོ །དེའི་ཚེ་ཐུགས་