R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༣༩
[A:༥༣༩]ཤིན་ཏུ་སྤྲོ་བས་ཡང་བསྐྱར་གུ་རུ་རིན་པོ་ཆེའི་བཞེས་སྣོད་མཚན་ལྡན་ཀ་པཱ་ལར། བདུད་རྩི་རིལ་བུ་ཁྲི་སྟོང་བརྒྱ་བཅུ་རྣམས་ཀྱི་རྡོག་དང་བསིལ་བུ་ཕོན་ཆེས་བཀངས་ཤིང༌། གསེར་ཟངས་ཀྱི་ཚེ་བུམ་ཚེ་རྫས་ཀྱིས་ཕྱུར་བ་དང༌། གཞན་ཡང་སྣོད་ཟངས་ཁ་ཤས་སུ་ཟས་སྣས་གང་བ་བཅས་ཆུ་སྟོད་ཚེས་གཅིག་སྔ་དྲོ་རྗེ་ཉིད་ནས་ནང་སོའི་བླ་མཚོར་ཀབ་ལིའི་བདུད་རྩི་རྣམས་ཕུལ་ནས། ཀབ་ལི་མ་ད་ན་བཟང་པོས་བཀངས། ཚེ་བུམ་རྟག་གཏོར་སྒམ་ནང་དང་ཟས་སྣ་མདུན་དུ་བཤམས་ནས་སྒྲུབ་བཞིན་པའི་གཏང་རག་མཛད། གུང་ཚིགས་ལ་ཕེབས་དུས་མུས་གཉེར་དགེ་ཕུན་གཟབས་འཆོར་གྱིས་ལེགས་འབུལ་ཐོག་ཙན་དམར་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྐུ་ཆེ་ལེགས་ཕུལ་བའང་རྟེན་འབྲེལ་དགེ་བར་གཟིགས་ཏེ་སྐུ་གདུང་རིན་པོ་ཆེར་སྩལ་བ་ད་ལྟའང་གཟིམ་ཆུང་རྟེན་གྲས་ལ་བཞུགས། དེ་དུས་ཁལ་ཁའི་མི་སྣ་ཨཱ་ཡུ་ཥེ་ཟེར་བ་ངོ་གཡོག་གདོང་པཎྜི་ཏ་བློ་བཟང་སོགས་མཐའ་མི་འགའི་ཐུམ་བུ་རྟེན་ཆས་གྲས་ཚེ་མདོ་དང་ནོར་རྒྱུན་མའི་མདོ་བོད་ཡིག་རྒྱ་ནག་པར་མ་ཁ་གསར་ཕྱག་འབྱོར་རྣམས་ཀྱང་ནང་སོའི་རྟག་གཏོར་སྒམ་ནང་དུ་བཞུགས་ཤིང་ཁལ་ཁ་རྣམས་བློ་ཁ་རྫོགས་པའི་མཛད་སྒོ་ཡང་དག་དང༌། དེ་སྐབས་ཐོ་རེངས་ཤིག་ཏུ། གཟིམ་ཆུང་འཛམ་གླིང་ཕུན་ཚོགས་དཔལ་འབར་གྱི་སྒོ་ལྕོག་ནང་གི་བྱང་ཤར་ན། སྟེགས་ཀྱི་ཁར་ནང་སོའི་ཟངས་ཆེན་བཀྲ་ཤིས་འོད་འབར་ཕྱི་ནག་ཅིང་སྣུམ་པ་ནང་ཟངས་དམར་ཁ་གསར་གཡའ་དང་བྲལ་བར་ཤར་གྱི་གྱང་ལྡེབས་དེ་ནས་ཤིང་ཤོལ་ཝ་ཆུ་ལྟ་བུ་ཞིག་ལས་ཆུ་དངས་གསལ་ཟངས་ནང་དུ་འབབ་པའི་སྒྲ་ཁྲོང་ཁྲོང་ཞེས་སྙན་པོར་འབྱིན་མུར་མནལ་སད་པས། སྙན་ཁུང་ན་ཁྲང་ཁྲང་གི་སྒྲ་དེ་ལྷང་ངེར་མཆིས་པ་ཞིག་འཁྲུངས་པ་དང༌། ཡང་ནང་སོའི་མགོན་ཁང་མདའི་གཡབ་དེར་རྒྱལ་ཚིང་སྙན་ཤལ་ལ་ཕྲིན་བྱང་འབྲི་སྐབས་རྗེ་ཉིད་ནས་རང་བཞིན་གྱི་གསུང་གླེང་དུ་མགོན་ཁང་དེ་རྒྱ་དཔངས་བསྐྱེད་ན་ལེགས་ཚུལ་གསུང་པ་དང་