R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༠
[A:༥༤༠]མཉམ་དུ་དེའི་ས་དཔྱད་འདྲ་མོའི་རྣམ་པ་མཛད་པས་གསོལ་དཔོན་བཀྲས་རྒྱན་དང་རྒྱལ་ཚིང་ཟུང་ནས་བཟོ་བབ་ལེགས་པོ་ཡོང་བའི་སྙན་ཞུ་བཞིན། མ་འོངས་པའི་ལ་ཉེ་དེ་འདྲ་ཡང་བླ་མ་དཀོན་མཆོག་གི་རྒྱུད་བསྐུལ་ལྟ་བུ་ཡིན་འདྲ་གསུངས། གྲོལ་ཉིན་གསུང་བསྐང་མངའ་གསོལ་སོགས་ཀྱི་སྐབས་རྒྱལ་ཡུམ་ཉིད་མཆོད་མཇལ་དང་སྦྲགས་སྙན་ཤལ་ཕྱི་ནང་གི་མཆོད་པ་སྤྱན་གཟིགས་ན་བཟའ་མོན་གོས་སོགས་འབུལ་གནང་དང༌། གཏོར་འབུལ་དང་ཆབས་གཅིག་སྔར་གྱི་རུ་མཚོན་ཆུང་ངུ་དེའང་མགོན་ཁང་སྟེང་ལྷ་སྤོ་གསར་བསྐྲུན་གྱིས་ཐུག་ཆོག་མངའ་གསོལ་སོགས་མཛད་ནས། མགོན་ཁང་དུ་ཕེབས་ཏེ་རྟག་གཏོར་ལ་བརྟན་བཞུགས། ཐོད་པ་ཉི་ཟླ་ཁ་སྦྱོར་གྱི་བསྲུང་དམིགས་བཅས་གཏོར་སྒམ་ལ་སྒོ་རྒྱ་མཛད་ནས་རྗེས་ཆོག་བཀྲ་ཤིས་རྒྱས་པ་རྣམས་བཀའ་དྲིན་ཆེ་བ་དང༌། སྔར་གྱི་ཕྲིན་འཆོལ་འཛུགས་གཏོར་མཛེས་རྒྱན་མདའ་དར་དཀར་པོ་ཁ་ཚར་མ་ཉམས་པ་དེ་ལ་ཚེ་མདུད་ཀྱིས་སྤྲས་ཏེ་ཚོགས་རྫས་དང་བཅས་སྐུ་གདུང་རིན་པོ་ཆེར་སྩལ་བ་ཞལ་བྱང་ཅན་མགུལ་སྲུང་གྲས་སུ་བཞུགས། སང་ཉིན་ནས་དངོས་གྲུབ་གླིང་དུ་དཔལ་ཆེན་ཡང་དག་གི་ཕྲིན་གཞུང་བདག་བསྐྱེད། གཏོར་བསྔོ་བསྐང་བ་སྤྱི་འགྲོའི་ཁོག་ཕུབ། ནོར་སྐྱོང་ཡབ་ཡུམ་ལ་གསང་བ་སྙིང་རྒྱུད་ནས་གསུངས་པའི་བསྐང་བ་ཡིག་ཆ་གཞན་དང་བསྡེབས་བསྒྲིགས་ལུགས་དང༌། དཀར་བདུད་ཕུར་སྲུང་བསྟན་མ་བཅུ་གཉིས་བཅས་ལ་དེ་སྐབས་ལྗགས་བསྒྲིགས་ཀྱི་གསོལ་ཁ་མངའ་གསོལ་བཅས་ཞག་བདུན་མཐར་གཏོར་འབུལ་བསྟན་སྐྱོང་ཅན་དང༌། དེ་ནས་དུས་མཆོད་གཏང་རག་ཐུག་འཛུགས་སོགས་མཛད་པ་དང་མཉམ་དུ་དགའ་ལྡན་སྨུག་ཆུང་ལའང་དེ་བཞིན་གཞན་ལ་བཀའ་གསང་གིས་འདོམས་ཤིང༌། ཟླ་བ་དེའི་གཟའ་ཚེས་དགེ་བར་ཚང་མ་གཟབས་སྤྲོས་བཅས་གསོལ་ཐབ་ལྷོར་ཕེབས་ཐོག་རྗེ་རྡོ་རྗེ་འཛིན་ནས་དྲག་དམར་