R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༡
[A:༥༤༡]སྒོམ་བཟླས་ཀྱི་ལྷའི་ང་རྒྱལ་བརྟན་པོས་ཐོག་མར། ཨོཾ་ཨ་ཀ་ནི་སོགས་དང༌། གཙུག་འབར། རིགས་གསུམ་མགོན་པོ། དེ་ནས་གུར་དྲག་རྣམས་ཀྱི་ལྗགས་སྔགས་བཟླ་བཞིན་པར་བུམ་ཆུ་དུ་མ་འཐོར་བར་མཛད་པ་དང༌། སངས་རྒྱས་བྱང་སེམས་སོགས་ཀྱི་སྐུ་ཞི་དྲག་མང་པོ་རྟེན་སྒམ་རྣམས་དང་བཅས་སྐུ་གདུང་རིན་པོ་ཆེ་ཕེབས་འཆམས་ལ་གདན་འདྲེན་ཞུ་མི་མགྲོན་གཉེར་རྒྱལ་ཚིང་དང་ཚེ་བསམ་ནས་འགན་བླངས་ལྷ་ཆེན་རྒྱལ་སྒོའི་ནང་དུ་ཕེབས་པ་ནས་བཟུང་རྗེ་ཉིད་རྒྱལ་བ་ཚེ་མཐའ་ཡས་ཀྱི་ངོ་བོར་བཞེངས་ཏེ། ཚེ་གཟུངས་ཨོཾ་གསུམ་མ་ལྗགས་བཟླས་མཛད་མུར་མཐོང་སྨོན་བླ་བྲང་ཕུན་ཚོགས་གླིང་གི་གཟིམ་སྤྱིལ་གསར་པ་རྗེ་ཉིད་ཀྱིས་གསར་བསྐྲུན་ངོ་མཚར་དཔལ་འདྲེན་དུ་ཕེབས་འཕྲལ་ཕར་ཕྱིན་དྲུག་གི་ཤིས་བརྗོད་བྱབས་ཁྲུས་སོགས་མཛད་མུར་ཆར་ཆེན་པོ་ཞིག་བབས་པས་རྗེ་ཉིད་ཀྱི་ཐུགས་ལ་རྟེན་འབྲེལ་རབ་ལ་བསྒྲིག་མི་དགོས་ཟེར་བ་དེ་འདི་ཡིན་དགོངས་པ་འཁྲུངས་ཤིང༌། གཟིམ་ཆུང་རྩེར་ལྷ་བསངས་དང༌། དེ་ནས་རྣམ་འཇོམས་སྦྱངས་ཁྲུས་ཚེ་ཆོག་ལོ་གཏོར་གསར་འཛུགས་རྣམས་མཛད་ཅིང༌། རིག་འཛིན་ཕོ་བྲང་དང་ལྷ་ཆེན་རྩེར་བྱང་ཚོགས་ཡོང་ནས་ལྷ་བསངས་བསྐང་གསོ་སོགས་ཞལ་བཀོད་བཞིན་དང༌། གནས་དེ་དག་གི་རྩེ་ནས་ཉིན་གང་དར་འཕྱར་དུང་འབུད་གཞན་ཡང་ཀོང་གཞས་བཅས་དང༌། རིམ་གྱིས་ཕུར་སྒྲུབ་ཕྲིན་འཆོལ་སྔོན་འགྲོའི་དངོས་གཞིའི་མཆོད་གཏོར་རྣམས་སྔར་བས་བལྡབས་འཕར་དང༌། བཅུ་བཞི་བཅུ་དགུ་ཉེར་ལྔ་སོགས་ལ་དཀྱིལ་འཁོར་ཟངས་དྲའི་སྒྲོམ་རྩེར་གདུགས། རྒྱལ་མཚན། བ་དན་སོགས་འཕྱར་ཞིང༌། ཉེར་དགུའི་ཉིན་ཚོགས་རྫས་རྒྱ་ཆེར་བཤམས་པ་སོགས་མཛད་པས་དེང་སང་ཕུར་སྒྲུབ་གཟབས་རེས་སུ་གྲགས་པའི་རྒྱུན་འདི་བྱུང༌། ཕུར་སྒྲུབ་སྐབས་གཞིས་བྱེས་ནས་ཞབས་བརྟན་ལེགས་འབུལ་འཆར་འཕར་མང་