R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༣
[A:༥༤༣]ལྕོག་ལྕགས་རི་དང་བཅས་པའི་སྤང་བད་སྤན་བད་དུ་བསྒྱུར་བར་མཛད། དབྱུག་ཟླའི་ས་མཆོད་ཆེན་མོའི་བདེ་ཀྱེ་གསང་གསུམ་ལ་སོ་སོའི་རབ་གནས་འབྲིང་པོ་སྦྱོར་གནང་གིས་བདེ་མཆོག་རབ་གནས་ལ་རྗེ་བཙུན་སྒྲོལ་མའི་གསེར་སྐུ་གསར་བསྐྲུན་ངོ་མཚར་ཅན་འདི་དང༌། ས་ཆེན་གྱི་བྲིས་སྐུ་བྱིན་ཅན་གྱིས་མཚོན་བྲིས་འབུར་གྱི་སྐུ་དུ་མ། ཀྱེ་རྡོར་ལ་ལམ་འབྲས་བླ་བརྒྱུད་བྲིས་མ་སོགས་དང་གསང་འདུས་ལ་དེའི་བླ་བརྒྱུད་བྲིས་ཐང་སོགས་ཞལ་དབྱེ་ཞིང་མཆོད་ཚོགས་རྒྱས་པ་དང་བཅས་བཅུ་བཞིའི་ཉིན་ས་བསྐོར་དང་སྦྲགས་ཐོག་མར་ཚོམས་དམར་ནས་རྒྱ་དཀར་ནག །མཁའ་སྤྱོད། དངུལ་གདུང་ཁྱད་འཕགས་སྟེང་འོག །ཚོམས་བར་སོགས་རིམ་བཞིན་གཞི་ཐོག་ཤར་བརྒྱུད་ཚོགས་ཆེན་མོའི་ཕྱི་མཐའ་ནས་ཁྲོ་ཁང་སྟེང་འོག །ས་ཚོགས་ཤར་སྒོ་ནས་བྱ་ཁྲ་མའི་ཤར་བརྒྱུད་ལྷ་ཆེན་སོགས་ནས་ཕྱི་བསྐོར་ལ་རབ་གནས་ཀྱི་མེ་ཏོག་དང༌། གྲོལ་ནས་འཆམས་ཀྱི་འགོ་པ་རྣམས་མཛོད་དུ་བསྒྲིགས་ནས་བཀའ་ཐོ་བཀྲམ་ཞིང་ཞལ་བཀོད་མཛད། སང་ཉིན་བཅོ་ལྔར་གཟའ་འཛིན་ལ་གཞན་དག་ནི་ཐུགས་རྟོག་ཆེར་མཛད། རྗེ་རྡོ་རྗེ་འཛིན་ཉིད་ནི། གསང་བ་སྤྱི་རྒྱུད་ལས། ཉི་མ་ཟླ་བ་གཟས་ཟིན་དང༌། །ཡ་མཚན་ཆེ་རྟགས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །སྒྲིམ་སྟེ་དཀྱིལ་འཁོར་བྲི་བར་བྱ། །ཞེས་དང༌། བདག་ཅག་གི་སྟོན་པས་སང་བདུད་རྩི་བརྙེས་རྒྱུའི་དོ་ནུབ་ཟླ་བར་སྒྲ་གཅན་ཞུགས། གྲགས་འཛིན་མར་རྒྱལ་པོ་དོན་གྲུབ་ཀྱི་སྲས་བལྟམས་པའི་མཚན་སྒྲ་གཅན་འཛིན་དུ་གྲགས་པ་རྣམས་ཀྱི་རྒྱུ་མཚན་དེས་ན་ཡ་མཚན་ལྷག་པར་ཆེ་བར་དགོངས་པ་བཞིན་དོན་ལ་གྲུབ་པ་འདིའོ། །ཟླ་མཇུག་ལ་དུས་མདོས་གཟབས་མའི་སྐུ་རིམ་དམར་ཆེན་གཏོར་བཟློག་སྐབས་ཀྱང་སྤྱིར་རྟགས་བཟང་ཞིང༌། ལྷག་པར་གཏོར་བཟློག་གྲུབ་ནས་འཆམས་སྐུ་གཞི་ཐོག་ཏུ་བྱོན་གདོང་བཞུགས་གདིང་