R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༤༤
[A:༥༤༤]ཁྱེར་བའི་ཨ་ཙ་ར་དེས་རྐང་གཡས་ཁོ་ན་བཏེག་སྟེ་ཤར་རྒྱག་རྒྱུགས་སོང་བར་ཁྲོམ་ལ་དགོད་སྒྲ་ཆེན་པོ་བྱུང་བས་རྟེན་འབྲེལ་ལེགས། སྨིན་དྲུག་ཟླ་ནང་ནས་འཆམས་རྒྱུགས་རིམ་བཞེས་སོགས་འཆར་འཕར་གྱི་མཛད་སྒོ་དང༌། དུས་མདོས་དཀྱུས་གཟབས་ཀྱི་དབྱེ་བ་མཆིས་པའི་བཀའ་ཐོ་དང༌། ཕྱག་བཞེས་འགའ་ཞིག་ལ་སྐྱོན་འདོན་བཅས་དང༌། མགོ་ཟླའི་ནང་ཕུར་ཁང་དུ་ཞལ་འབག་ཞྭ་ཕོད་ཀ་ཁྲབ་སོགས་ཆས་རྣམས་ཚང་མར་རྗེ་ཉིད་ནས་ཀྱེ་རྡོར་རབ་གནས་འབྲིང་པོ་མཛད་རྗེས་ཕོ་བྲང་དུ་ཕེབས་སྐབས་བླ་བྲང་ཟམ་པའི་གཡས་གཡོན་ལ་ཨ་ལི་ཆོས་རྗེའི་ཁམས་པ་ཉི་ཤུ་རྩ་བགྲངས་ཤིག་འཁར་རྔ་དར་ཚོན་སོགས་དངོས་པོ་དུ་མ་ཁྱེར་ནས་མཆིས་པས་བཀྲ་རྟགས་ཤིན་ཏུ་ལེགས་པའི་བཀའ་གྲོལ། དུས་མདོས་ཕྲིན་འཆོལ་རྣམས་རིམ་བཞིན་གྲོལ་ཏེ་ཉེར་གསུམ་ནས་ཚུགས་སྐོར་སོགས་དེ་སྐབས་ཀྱི་ཕྱག་ཐོ་ལེ་ཚན་རྣམས་གུང་བསྒྲིགས་ཏེ་འདིར་བཀོད་ན། ཨོཾ་སྭ་སྟི། མདོས་ཆེན་གཟབས་སྤྲས་སྐབས་ཐ་སྐར་ཟླ་མཇུག་གི་དམར་ཆེན་གཏོར་བཟློག་ལ་ཚོམས་ཆེན་དུ་ཞལ་ཐང་སྤྱན་གཟིགས་མདོས་ཆུང་ལུགས། འཆམས་སྐུ་ཁྱད་འཕགས་འཕགས་མགོན་གཉིས། ཚོམས་བར་བྱང་འདུལ་མགོན་པོ་གྲགས་བློ་ལྕམ་དྲལ། འཆམས་སྐུ་གདན་འདྲེན་དང་གཏོར་རྒྱག་ཉིན་གཉིས་ཀར་ཁྱད་འཕགས་བྱང་ནས་མི་ནག་འབག་གཉིས། བཞུགས་གདན་ཁྱེར་མི་ཨ་ཙ་ར་གཉིས། གར་གཡའ་ལུང་གི་ཕུད་དམ་པ། འཕྲང་བ་དང་སྲང་གཞུག་སྤོས་ཕོར་བ། ཟིལ་གནོན་པ་དང་ལྷ་དཔོན་མདུང་པ། དུང་ཆེན་པ། རྒྱ་གླིང་པ་རྒྱ་གོས་བཅས། ཁྲིམས་གནོན་པ་འོས་འཚམས། གཏོར་བཟློག་རིང་གསོལ་ཇ་བཞེས་ཐུག་མཛོད་དེ་བས་ནང་བཞིན། ཟོར་འཕེན་ཉིན་འཆམས་སྐུ་ནས་རྒྱ་གླིང་པའི་བར་གོང་བཞིན་དང༌། རྔ་རོལ་ལ་གོས་ཆམ་དང་རོལ་ཕོད། འབག་པ་ལྔར་ཕོད་ཀ་རྡོར་གོང་སོགས་དང༌།