R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༠
[A:༥༥༠]ཁང་ནས་ཡོང་བ་འདི་མང་ཇ་རྒྱུན་རྒྱུག་ཚང་མ་ལ། བར་མ་གཉིས་དང་མཇུག་མ་རུང་བྱང་ནས་གཏང་རྒྱུའི་དང་པོ་བུད་མེད་རྫོགས་མཚམས་གུང་སང༌། གཉིས་པ་སྐྱེས་ཆུང་མཚམས། མི་སྐྱར་གཉེར་ཁང་ནས་ཆང༌། དུར་ཁྲོད་བདག་པོ་གྲུབ་ནས་གུང་སང༌། པུ་ཏྲ་བ་རྣམས་ཀྱི་ཚོམས་དམར་ནས་འཆམས་ཆས་གྱོན་ཚར་བ་དང༌། བསྐུལ་བཅས་འཆམས་རིམ་བཞིན་འཐོན། གཅིག་བརྡུང་གྲུབ་ནས་སྤྱི་པའི་ཇ་དང་བདུན་ཚན། གསུམ་པ་རྔ་བརྡུང་རྫོགས་མཚམས་གུང་སང་འདུས་ནས་གཏོང་ཞིང༌། སྐྱ་བོར་ཆང་གོང་འདྲ། བཞི་པ་དྲུག་བརྡུང་དང་བདུན་བརྡུང་གཉིས་སོང་མཚམས། སྔགས་པས་ལོག་འཆམས་གྲུབ་ནས་ཇ། ཐམས་ཅད་ཀྱི་ལོག་འཆམས་གྲུབ་ནས་མདུང་སོགས་སྔོན་འགྲོའི་ངེད་རང་དཔོན་གཡོག་གོང་གི་གྲལ་རིམ་བཞིན་འགྲོ། ཉེར་དགུར་དགེ་སློང་སྔགས་པ་སྐྱེས་ཆེ་ཆུང་རྣམས་ཉེར་བརྒྱད་བཞིན་ལ། སྐྱེས་པར་རྟ་གོ་མདུང་དར་འགོ་མི་དྲུག་སོགས་གང་འཁྱེད། མེ་མདའ་གང་འགྲིག །བུ་མོ་མདའ་དར་ཅན་དགེ་སློང་སྔགས་པ་སོགས་ཀྱི་གྲངས་དང་མཉམ་པ། གཡག་གཟེང་འཕར་གཉིས། དར་ཁྲ་མེད་པ་མ་གཏོགས་གཞན་ཚང་མ་འཆམས་སྐུ་གདན་འདྲེན་བཞིན། ས་ཚོགས་དང་བྱ་ཁྲ་མའི་ཇ་གཉིས་རྔ་རོལ་འཆམས་ཕ་རུ་འདྲེན་གཡག་གཟེང་མདུང་དུད་རྫག་དུང་རྒྱ་གླིང་བ་སོགས་ས་ཚོགས་སུ་གང་ཡོད་ལ་འདྲེན། གཏོར་བཟློག་གྲུབ་ནས་སྐྱེས་ཆེ་ཆུང་རྐང་ཐང་གི་དམག་བཅས་བྱ་ཁྲ་མར་བསྡད། གཞན་ཚང་མ་གཞི་ཐོག་ཏུ་འབྱོར་བའི་གྲལ་རིམ་སོགས་གྲ་ཚང་དེབས་བཞིན། མགོན་པོ་རྣམས་ཀྱི་སྐུ་འཆམས་གྲུབ་ནས་ཕྱག་མཛོད་རབ་གསལ་ནས་དར་བརྡ་བཏང་ལ། རྒྱབ་དམག་ཚང་མས་ལྷ་རྒྱལ། སྐྱེས་ཆེ་ཆུང་གིས་རྦད་ཤོད་གྲུབ་པ་དང་རྐང་དམག་དང་རྟ་བ་རྣམས་རྒྱུན་བཞིན་བསྡད་ལ། གཞུང་དང་མི་སེར་གྱི་རྟ་རྒྱུག་ལ་མགྱོགས་དར། དེ་གྲུབ་ནས་ལྷ་རྒྱལ་དང་སོ་སོར་གྱེས་པ་རྒྱུན་བཞིན།