R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༡
[A:༥༥༡] སྐྱེས་ཆེ་ཆུང་རྣམས་ལ་ས་ཚོགས་སུ་ཆང་སྟོན། དམག་སྟོན་བཞུགས་གྲལ། བསྐང་གསོ་བརྒྱ་ཚར་གྱི་སྤྱན་གཟིགས་འགྲེམས་པ། མངའ་གསོལ་མཇུག་ཆོག་གྲུབ་ནས་གཏོར་འབུལ་གྱི་སྐབས་བརྒྱ་ཚར་གྱི་སྤྱན་གཟིགས་དང་ཚོམས་ཆེན་གྱི་དྲག་ཆས་རྣམས་བསྡུས། ལྡ་ལྡིའི་ཤུལ་དུ་ནོར་བུའི་ཕྲེང་བ་གོས་དྲུབས་མ་འགྲེམས། མགོན་པོ་མངའ་གསོལ་རྒྱུན་བཞིན་ལ། འཕྱར་དར་དཀར་པོ་བཅུ་གསུམ། ཚོགས་པར་གོས་ལྕམ། འཆམས་སྐུ་ཕེབས་སྐྱེལ་རོལ་མོ་བར་ཆོས་གོས་སྣམ་སྦྱར་གོས་ཆེན་མ། མདུད་པ་ནས་སྐྱ་བོ་པའི་བར་འཆམས་སྐུ་གདན་འདྲེན་བཞིན་དང༌། མགོན་ཁང་ཁག་བཞིའི་གཏོར་སྤོད་ལ་གཟབས་སྤྲོས་རྣམས་སོ། །ཞེས་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་བཀའ་ཡང་དག་པའི་དེ་དུས་ཀྱི་ཟིན་བྲིས་རྣམས་ཕལ་ཆེར་ཕྱོགས་བསྡུས་འདི་ཡང་མ་འོངས་པར་རིམ་ཅན་དུ་གཟིགས་བདེ་ཕྱིར་འདིར་བྲིས་པ་ཡིན་ལགས། དེ་སྐབས་ཉེར་དགུའི་ཉིན་ཚོམས་ཆེན་དུ་ཚོགས་འགྱེད་མཛོད་དེབས་ནང་བཞིན་དང༌། འཕར་བཅས་ཀྱང་སྩལ་ཏོ། །བཀའ་གཉན་གྱི་འཆམས་འདི་ལྟ་བུ་མཛད་པའི་ཚུལ་ལ། རྗེ་རྡོ་རྗེ་འཆང་ཆེན་པོའི་གསུང་ལས། སྔར་གྱི་ཕྱག་སྲོལ་ལ་འཆམས་བཀའ་གཉན་འདི་འདྲ་མཛད་སྲོལ་འདུག་པར་འགའ་ཞིག་གི་སེམས་ལ། སྤྱིར་གསང་སྒྲོགས་ཀྱི་ཉེས་པ་དང་ཁྱད་པར་ཆོས་སྐྱོང་གི་འཁུ་ལྡོག་ལ་འཛེམ་མེད་རང་ཡིན་འདྲ་སྙམ་པའི་རྟོག་པ་འབྱུང་མོད། སྤྱིར་ཤིན་ཏུ་བདེན་ཡང་ལུགས་འདི་ལ་དེ་འདྲའི་དོགས་པ་གཏན་ནས་མི་དགོས་པ་ནི། འཁོན་ཀླུ་དབང་ནས་ཤེས་རབ་ཚུལ་ཁྲིམས་ཡན་གསང་སྔགས་རྙིང་མའི་རིག་འཛིན་སྣོད་བཅུད་དག་པ་རབ་འབྱམས་སུ་གཟིགས་ཤིང༌། དམ་ཅན་རྒྱ་མཚོ་བྲན་དུ་འཁོལ་བ་ཤ་དག་བྱོན་པའི་གདུང་དང༌། དཀོན་མཆོག་རྒྱལ་པོ་ནས་གསང་སྔགས་གསར་མ་མཛད་པའི་འབྱུང་ཁུངས་ཀྱང་བསྟན་པ་ཕྱི་དར་གྱི་ལོ་ཆེན་