R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༢
[A:༥༥༢]རྩོད་བྲལ་གྲུབ་པའི་སར་བཞུགས་བླ་ཆེན་འབྲོག་མི་ལས་རྒྱུད་སྡེའི་ཉིང་ཁུ་དཔལ་ཀྱེ་རྡོ་རྗེའི་བཤད་བཀའ་གསན། དེའི་མན་ངག་འཛིན་པ་རྣམས་ཀྱི་ནང་ནས་འགྲན་བྲལ། སེ་སྟོན་ལས་མན་ངག་ཡོངས་རྫོགས་བསྟན་པ་རིན་པོ་ཆེའི་ཉམས་ལེན་གསན་ཏེ་གྲུབ་པ་མཆོག་གིས་མཐོན་པོར་བྱོན་པས་ཡོན་ཏན་ཚད་བཟུང་མེད་ཅིང༌། སྤྱིར་བཏང་ལའང་ད་ལྟའི་བར་དུ་སྐུ་སྤུར་མ་ཉམས་པར་བཞུགས་པས་གདུང་བརྒྱུད་མ་ཉམས་ཤིང༌། ཀླུས་གནོད་པ་ཆེ་རིགས་ཀྱང་མི་འབྱུང་བ་སོགས་གྲུབ་པའི་རྟགས་མཚན་ཡོད་པ་དེ་དང༌། ཡང་སྒོས་འཕགས་པ་རིགས་གསུམ་མགོན་པོའི་རྣམ་སྤྲུལ་རྗེ་ས་ཆེན་ཡབ་སྲས་དབོན་བརྒྱུད་རིམ་བྱོན་རྣམས་ཟབ་དོན་རྡོ་རྗེ་ཐེག་པའི་མངའ་བདག་ཁོ་ནར་མ་ཟད། ཐོག་མར་རྫོགས་པའི་སངས་རྒྱས་ཀྱི་ཕྱག་ནས་མ་རྒྱུད་སྡེ་རྒྱ་མཚོའི་བསྟན་སྲུང་ཐུན་མོང་མ་ཡིན་པ་གུར་གྱི་མགོན་པོའི་སྣང་བརྙན་བསེ་འབག་ཡིད་བཞིན་ནོར་བུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན། མན་ངག་མཁའ་འགྲོའི་ཐུགས་བཅུད་དང་བཅས་པ་ཞལ་གཟིགས་པ་ནས་བཟུང་མཁས་གྲུབ་དམ་ཅན་ལས་འཁོལ་ཤ་དག་བྱོན་པའི་རྗེས་འཇུག་དབང་གིས་སྨིན་ཅིང༌། དུས་གྲངས་ཀྱི་བསྙེན་པ་མཐར་ཕྱིན་པ་འདོན་པ་ལག་ལེན་བྱང་ཆུབ་མང་ཞིང༌། འགའ་ཞིག་ནི་དེའི་ཁར་གདམས་ངག་ཡོངས་རྫོགས་ཐོབ་ཅིང༌། ཉམས་འཁྲིད་བསྐྱངས་པས་བསྐྱེད་རྫོགས་ཀྱི་གོ་མྱོང་ཡང་ཡོད་པ་རིམ་ཅན་དུ་བྱུང་བས་ན། འགྲོ་བ་ཐམས་ཅད་ཀྱེ་རྡོ་རྗེའི་རང་བཞིན་དུ་རྣམ་པར་དག་པར་ལྟ་བ་སོགས་གསང་སྒྲོགས་ཀྱི་ཉེས་པ་ཡོང་དོན་མེད་ཅིང༌། བསེ་མགོན་ཡིད་བཞིན་ནོར་བུ་ལྟ་བུའང་འཆམས་སྟབས་ཀྱི་སྤྱན་འདྲེན་མཛད་པ་ནས་བཟུང་བཀའ་གཉན་གྱི་གར་འཆམས་དུ་མར་མངའ་བརྙེས་པས་འདི་བཞིན་འཆམས་པ་ལ་ཉེས་པ་མེད་པའི་གཏན་ཚིགས་ཡང་དག་ཡོད་པ་བཞིན་མཉེན་ཆས་དང་དངོས་གཞི་གཏོར་བཟློག་རྣམས་གཟབས་སྤྲོས་ཀྱིས་མིག་གང་