R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༥
[A:༥༥༥]སྟོང་ངེ་བྱུང་གསུངས། ལོ་གསུམ་རིང་ཐེག་ཆེན་གན་དྲིལ་གཞན་ཞིག་གནང་བ་ཡང་མི་རིང་བར་གས་འཛེར་དུ་སོང་བ་དང༌། ཕྱིས་ཀྱི་དམ་ཚིག་ཕྱག་དྲིལ་འདི་ནི་འཇམ་མགོན་མཐུ་སྟོབས་དབང་ཕྱུག་གི་ཕྱག་དྲིལ་དེ་ཡིན་གསུང་བ་བཞིན་སོ་བདུན་ཀེག་འདི་གོང་གི་གཏེར་སྟོན་གྱི་ལུང་བཞིན་ཤིན་ཏུ་འཚུབས་དུས་དེ་ཡིན་གཤིས་སྔོན་འཚུབས་དེས་ཀྱང་སྐུ་གེགས་རྨེག་མེད་དུ་གཞོམ་པར་མཛད་པ་ཡིན་གྲང༌། དབོ་ཟླ་ཙམ་ནས་སྒྲོལ་སྐུ་གསེར་ལྗང་མ་དང་གྲ་ལྔའི་ལུགས་སྐུར་ཕྱག་ནས་བརྒྱ་ཚར་དང༌། ནག་ཟླའི་ཚེས་འགོ་ནས་འཆམས་དཔེ་སྣང་བ་འགྱུར་ཐུབ་དཔང་པོར་བཟུང་བར་མཛད་དེ་རྗེ་རྡོ་རྗེ་འཆང༌། བརྒྱ་དཔོན། ཟུར་འཆད་པ་གྲུབ་དབང་དང་བཅས་ཞལ་རྒྱས་ནས་ཕུར་འཆམས་ལ་ཞུས་དག་བཀའ་དྲིན་བསྐྱངས་ཏེ་དེ་ཉིད་དང་རྗེ་ཉིད་ཀྱི་གསུང་རྩོམ་ཁ་ཤས་གསུང་ངག་སྐོར་སོགས་མང་པོ་ཞིག་དུས་ཕྱིས་བར་ལ་འགོད་པར་མཛད། སྣྲོན་ཟླའི་གཟའ་ཚེས་དགེ་བའི་ཐོག་ཞལ་དྲོ་ལྷ་ཁང་གིས་ཆོག་ལ་ཕེབས་པས། རྡོ་སྐས་རིང་མོའི་འགོར་དབང་ལྡན་བར་ཚོ་བའི་གཉེར་པ་དཔལ་ལྡན་སྒོས་སྐྱེས་ཟེར་བ་འབུལ་ཆ་དང་བཅས་བྱུང་བ་མིང་བཀྲ་སོགས་གང་ས་ནས་ལམ་བཀྲ་ལེགས་པ་དང༌། ཁོ་རང་ལའང་དེ་སྔོན་ནས་མི་ཐོད་ཀླད་བཅས་རྙེད་པ་སོགས་གཙུག་ལག་ཁང་འདིར་དགེ་བའི་མཚན་གསལ་བཅས་ས་ཕྱོགས་དེར་འབྲུའི་ཆར་དང་དཔལ་གྱི་ཟས་མཆོག་འགྲིམས་པ་སོགས་ས་ཆོག་སྤྱི་བྱེ་བྲག་སྐབས་ས་ཁྲོད་ནས་ཡུངས་ཀར་མངོན་སུམ་དུ་འཐོན་པ་སོགས་རྙེད་ལེགས་པའང་བྱུང་གསུངས། རིམ་གྱིས་གཙུག་ལག་ཁང་གསར་བསྐྲུན་གྱི་དབུ་ཚུགས། དེའི་བཅུ་བཞི་ནས་མེ་ཕག་ནག་ཟླའི་བཅུ་གཉིས་བར་ལ་རྙིང་ལུགས་འཁོར་ལོ་འབར་བ་སྤྲོས་བཅས་མཛད་པའི་བཟླས་གྲངས་ཆིག་འབུམ་ཆིག་ཁྲི་དྲུག་སྟོང་ལྔ་བརྒྱ་ལྔ་བཅུ་ཐམ་པ་བཟླ་བར་མཛད། དེ་ལོ་ཕུར་སྒྲུབ་ཕྲིན་འཆོལ་གཟབས་མ་དང་དངོས་གྲུབ་གླིང་དུ་རྒྱུན་བསྐང་འཛུགས་གནང་གིས་ཆུ་སྟོད་ཟླ་ནང་