R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༦
[A:༥༥༦]ལྷོར་སྤོས་ནས་ལྷ་ཆེན་ཁྱམས་སྟོད་མདའི་གཡབ་སྟེང་དུ་རྗེ་ཉིད། བརྒྱ་དཔོན། དབུ་བྱེད་གསུམ། མཆོད་དཔོན་སོགས་ནས་འཆམས་རྒྱུགས་བཞེས། གྲོ་བཞིན་ཙམ་ནས་ཡུམ་མཆོག་གི་འོ་འཛིན་གཡོན་སྙུན་པ་རིམ་གྱིས་ཇེ་ལོད་དུ་གྱུར་པ་ལྗགས་ཆུ་དང༌། སྨན་བླ་མཆེད་བདུན་ཀླུ་དབང་སེང་གེ་སྒྲ་སོགས་ཀྱི་རྗེས་གནང་གྲངས་མང་སྩོལ་བར་མཛད། ཕུར་སྒྲུབ་ཐོག་སྒྲོ་ལུང་པ་ཆེན་པོའི་ཉེ་གནས་དབང་ཕྱུག་རབ་བརྟན་ནས་རྗེ་དེའི་དུང་ཆོས་ཁྱད་འཕགས་ཤིག་ཕུལ་བས་རྗེ་ཉིད་ནས་དེ་མ་ཐག་འོ་འདི་ངའི་དུང་ཆོས་ཡིན་གསུངས་ཤིང༌། དབྱུག་ཟླའི་ནང་འཛམ་གླིང་ཕུན་ཚོགས་དཔལ་འབར་དུ་ད་ལྟའི་རྟེན་ཁྲི་བརྐོས་མ་བཟོ་ཁྱད་ཅན་འདི་གསར་བསྐྲུན་གྱིས་སྒྲིག་པར་མཛད། དེ་སྐབས་ཤིག་སྡེ་དགེ་སྨན་པ་བླ་མས་འབུལ་ཆེན་ཐོག་གསེར་ཐིག་བུག་ཅན་ཞིག་ཕུལ་བ་དང་སྟབས་མཚུངས་གོང་གི་སྒྲོ་ལུང་པའི་དུང་ཆོས་ལ་གསེར་རྡོར། གསེར་དངུལ་གྱི་གཟུངས་ཐག་མུ་ཏིག་སོགས་ཀྱི་སྤེལ་བཅས་སྒྲོན་གནང་གིས་ཚེ་ཆོག་གནང་བ་བཅས་གསེར་ཐིག་ཀྱང་དེ་གྲས་སུ་འགྲིག་པས་ལེགས་པར་བཀའ་སྩལ། དེ་ལོའི་དཔྱིད་དབྱར་སྟོན་སོགས་འདི་ཁུལ་ལ་རིམས་ནད་ཡོད་མུར་གདུང་བརྒྱུད་རིན་པོ་ཆེར་ཡང་བེག་གེ་བཞེས་པས་མགུལ་མི་བདེ་བ་འཁྲུངས་འཕྲལ་རྗེ་ཉིད་ནས་རི་ཁྲོད་མ་དང༌། ལྗགས་ཆུ། སྐུ་རིམ་རྣམས་ནར་མར་གནང་བས་མྱུར་དུ་སྙུན་ལས་གྲོལ་བས་རྗེ་རྡོ་རྗེ་འཛིན་ཉིད་ཐུགས་སྤྲོ་བའི་ངང་ནས་སྒོ་རུམ་ནང་སོ་སོགས་སུ་ཕེབས་ཏེ། སྔར་སྐུ་བལྟམས་དུས་གཏང་རག་ལ་ཕུལ་བའི་ལྷ་མདུང་ལ་དར་ཡུག་རིང་མོ་རེ་གསོལ་བར་མཛད་ནས་སྐྱེད་ལྷས་བསམ་བརླིང་གཉིས་ལ་གཏོར་སྤོད་གྲས་སུ་ཕྱགས་ལེགས་པར་ཕེབས། མགོ་ཟླའི་ཚེས་དྲུག་གི་ཐོ་རངས་འོད་གསལ་དུ། སི་ཏུ་གྲོངས་པའི་རྐྱེན་བྱས་སྡེ་དགེ་བློ་གྲོས་རྒྱལ་མཚན་ཉིད་ཤིན་ཏུ་མྱ་ངན་ཆེ་ཉམས་ཀྱིས་ནག་མུན་ནེ་བ་ཞིག་གི་ཀ་དྲུང་ན་ཞལ་བྱང་གཟིགས་སུ་བཞུགས་ཏེ་སི་ཏུས་