R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༧
[A:༥༥༧]བཀའ་འགྱུར་རིན་པོ་ཆེར་ཞུ་དག་མཛད་པ་སོགས་སྡེ་དགེར་སྐུ་དྲིན་ཆེ་ཚུལ་དུ་མ་གསུངས་ཤིང༌། རྟ་རྐྱང་པའང་བརྒྱད་ཅུ་ཙམ་བྱིན་པ་ཡིན་གསུངས་པ་ཞིག་འཁྲུངས་སོ། །དེ་དག་གི་དོན་བསྡུ་ན། གནམ་ལོ་ལྗོན་རྩེའི་སྤྲེའུའི་གར་མཁན་མའི། །གཟིགས་མོད་གྲ་ལྔའི་ལྷ་མོ་ས་འདིར་བྱོན། །འཁོན་རིགས་རྩ་བ་ཚུགས་པའི་ཡོངས་འདུུ་ལ། །ཞིང་འདིའི་ལེགས་བྲིས་གཞོན་ནུ་སྤྲོ་གར་འབུལ། །འཁུ་བའི་ཚ་རེག་ཏིང་འཛིན་གཡུལ་ངོར་ཕམ། །འཆི་མེད་ངོར་གྲུབ་ལྟ་མིན་སྔོན་འཚུབས་ཡལ། །བསྟན་འདབས་གར་འཆམས་བྱི་དོར་བྱེད་བཞིན་དུ། །ཞལ་དྲོའི་རོར་སྤྱད་ཀེག་སྲི་རྨེག་མེད་བཅིལ། །བཅུད་ལྡན་འོ་འཛིན་བསྐྱངས་དང་སྔོན་གྱི་གནས། །རྗེས་དྲན་གསུང་གསང་འཆི་མེད་འདུན་སར་གྲོལ། །རྒྱལ་བའི་མྱུ་གུར་མི་མཐུན་རླུང་གི་བེག །ལོ་མའི་གོས་ཅན་ལྷ་མོར་བཞེངས་ཏེ་བསྐྲད། །ཅེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་སོ་བདུན་དུ་ཕེབས་པ་ཤིང་བྱ་རྟ་ཟླའི་ཚེས་གཅིག་ནས་རྣམ་སྲས་བསྐང་བཟླ་གང་མ་མཛད། དབོ་ཟླ་ནས་མཁན་ཆེན་ཆོས་བཀྲ་ཤིས་སོགས་ལ་ས་སྐྱ་བཀའ་འབུམ་གྱི་ལྗགས་ལུང་ཡང་ཚུགས་ཤིང་རྒྱལ་ཡུམ་ཞབས་འབམ་གྱིས་སྙུན་པར་སྨན་ཆབ་ལ་ཕེབས་པས་ངོ་ཇེ་གསལ་དུ་སོང་ནས་བཅོས་རྣམས་མཛད་མུར་ཞལ་དྲོའི་འཇིམ་སྐུ་རྣམས་བཞེངས་བྲིན་ནས་རབ་གནས་བརྒྱ་ཚར་ཚུགས་དུས་སྔ་དྲོ་ཞིག་ས་སྐྱའི་ནུབ་ཕྱོགས་སུ་འཇའ་ཚོན་ཡ་མཚན་ཅན་ཞིག་ཤར་བས་རབ་གནས་ལ་དགེ་ལྟས་སུ་གཟིགས། དེ་ནས་སྡེ་དགེ་སྨན་བླ་དཀོན་མཆོག་གྲགས་པ་སོགས་ལ་དབང་བཀའ་རྗེས་གནང་འཐོན་ཕྱག་སོགས་རིམ་བཞིན་གནང་ནས་སྣྲོན་ཟླའི་ནང་མཛོད་འཛིན་དབུས་ཕེབས་ཤིག་དང་བསྟུན་ཤབ་ཆུ་རགས་ལ་ཟོས་སྐོར་གྱི་འགོ་ཟུག །རབ་གནས་གྲོལ་ཉིན་སྦྱིན་བདག་བསྒོ་བར་སྐུ་གདུང་རིན་པོ་ཆེ་བྱོན་ཐོག་རྟེན་གཙོ་རྣམས་ཀྱི་དབུ་ཐོག་གདུགས་དང་སྐུ་མདུན་དུ་མཆོད་པའི་བྱེ་བྲག་བླ་བྲེ།