R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༨
[A:༥༥༨] འཕན། མར་མེ། ཞལ་ཟས། རྔ་ཟླུམ། འཁར་རྔ། དུང་སོགས་གཙུག་ལག་ཁང་གི་ཉེར་སྤྱད་རྣམས་ཕྱག་ཏུ་བསྟར་ཙམ་རེ་མཛད་ནས་སྐུ་རྣམས་ཀྱི་དྲུང་དུ་ཕུལ་ཏེ་བཞུགས་ཁྲི་ལ་ཕེབས་པའི་ཐོག་མ་རང་དེ་འགྲིག་བས་རྫས་བརྒྱད་མངའ་གསོལ་ཤུགས་འབྱུང་དུ་བྱུང་བའང་སྔར་འདྲ་འདྲ་འགྲིག་འགྲིག་མཛད་པ་མ་ཡིན་པར་རང་བགྲིག་དེ་རིགས་རྣམ་པ་ཀུན་ཏུ་མང་དུ་བྱུང་བ་རྣམས་ནི་ཡབ་སྲས་ཡུམ་བཅས་ཀྱི་ངོ་མཚར་བའི་མཛད་པ་ཤ་དག་དང༌། དེ་བསྟན་གྲྭ་ཚང་ནས་ཀྱང་རབ་གནས་གནང་བའི་ཕྱི་བསྐོར་དང་བསྟུན་སྐུ་རྣམས་གཙུག་ལག་ཁང་དུ་ཕེབས་རྒྱུའི་ཞལ་བཀོད་ཀྱིས་ཚོམས་དམར་དུ་གཟི་མ་འོད་དང༌། ཞལ་དྲོར་དྲུང་ཡིག་ཀུན་ཕུན་གྱིས་དོ་དམ་ཞིང་གཙུག་ལག་ཁང་གི་རྩེ་ནས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་ཏེ། གཞི་ཐོག་ནང་ནས་ལྟག་སྒོའི་རྡོག་སྐས་བར་བཙུན་ཆུང་མཆོད་རྫས་ཅན་ཁ་ཤས་ནས་གདུང་རབས་མྱུར་འབྱོན་སྨོན་ཚིག་བརྗོད་ཅིང༌། རྡོ་སྐས་འགོ་ནས་ཞལ་དྲོའི་བར་བྱིས་པ་ལང་ཚོ་བཅུ་དྲུག་ལོན་པ་ཁ་ཤས་ནས་མདུང་འཛིན་པ་དང༌། ཕྱེ་མར། སྣོད་འབྲུས་གང་བ། མཆོད་རྫས་སོགས་ཀྱིས་སྣ་དྲངས་སྐུ་རྣམས་རིམ་བཞིན་སྐྱ་སེར་གཟབས་འཆོར་ཅན་ནས་སྤྱན་འདྲེན་སྐབས་རྗེ་རྡོ་རྗེ་འཆང་སྲས་ཡུམ་རྣམས་རྩེ་ནས་གཟིགས་རྟོག་གི་ཚེ་རྗེའི་ཐུགས་ལ་བསྟན་པའི་རྩ་བ་གདུང་རབས་རིན་པོ་ཆེ་འབྱོན་དཀའ་བ་དེ་ཙམ་བྱུང་ཡང་ངལ་བ་ཁྱད་བསད་ཀྱིས་ཐབས་དུ་མར་འབད་པའི་འབྲས་བུ་མངོན་དུ་གྱུར་ཏེ་ད་ནི་ཞལ་གཟིགས། ཞལ་དྲོའི་གཙུག་ལག་ཁང་ཁྱད་པར་ཅན་འདི་ཡང་རྟེན་འབྲེལ་བཟང་པོ་དང་བཅས་ཧ་ལམ་ཚགས་སུ་ཚུད་པས་ཐུགས་བདེ་དགོངས་པའི་མུར་བདེ་སྟོང་གི་ཉམས་ཁྱད་པར་ཅན་ཞིག་དེ་དུས་ཀྱང་འཁྲུངས་བྱུང་ཞེས་བཀའ་སྩལ། ཞལ་དྲོར་ཕེབས་སྐྱེས་གྲུབ་ནས་རབ་གནས་ཞབས་བསྐོར་འཁོར་བ་དུས་མཚུངས་དང༌། ཀུན་རར་བྱིས་པ་རྣམས་ཀྱིས་ལྷ་རྒྱལ། སེར་ཁང་རྩེ་ནས་ཆོས་དུང་རིན་པོ་ཆེ་གསུང་བསྐུལ་མཛད་པ་སོགས་ཐུགས་གྲ་གང་