R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༥༩
[A:༥༥༩]འགྲིག་གནང་ཉིན་གནམ་གཤིས་ཀྱང་བཟང་ཞིང༌། ལྷག་པར་མེ་ཏོག་གི་ཆར་ནི་སྔར་དྲན་མ་མྱོང་བ་ལྟ་བུ་འབབ་པ་འདུག་ཅེས་སྐྱ་སེར་མཐའ་དག་ནས་གླེང་བའང་དོན་ལྡན་བཞིན་དང༌། མི་རིང་བར་གསོལ་ཐབ་ལྷོར་ཕེབས་དང་ཆབས་གཅིག་རྒྱལ་ཡུམ་ཉིད་སྨན་ཆབ་སྐབས་ཀྱང་སྐུ་གདུང་རིན་པོ་ཆེ་བདེ་མུའི་མཚན་གཟིམ་ཐོག་འགར། བྲམ་ཟེ་ཚངས་པ་ཚངས་པ་ཤེས། །ཞེས་སོགས་མཚན་བརྗོད་ཀྱི་ཚིག་འགའ་གསུང་མུར་མནལ་བ་དང༌། ཡུམ་ལ་སྨན་ཆབ་དེས་ཕན་ངོ་ཆེར་གྱུར་ཏེ་རིམ་གྱིས་སྙུན་ལས་གྲོལ། ཕུར་སྒྲུབ་སྐབས་མཛོད་འཛིན་ཡང་འབྱོར་ཞིང་ཞལ་དྲོའི་སྐོར་ཚང་མ་གྲུབ་ནས་ཁྲུམས་ཟླ་རབ་སྟོན་གནང་དུས་རྗེ་རྡོ་རྗེ་འཆང་བན་ཚང་འཁོར་ཚོགས་བཅས་གཙུག་ལག་ཁང་འོག་མ་དང༌། མཁན་ཆེན་བསྙེན་སོང་རྣམས་སྟེང་དུ་འདུ་བར་མཛད་དེ་ཀྱེ་རྡོར་རབ་གནས་འབྲིང་པོ་བཅས་ཕྱི་བསྐོར་ལ་མེ་ཏོག་གི་ཆར་ཉིལ་བའི་ཞར་ལ་ལྷ་ཆེན་རུང་ཁང་ཉམས་གསོ་ཁྲོ་ཆེན་གསར་བླུགས་བཅས་ལའང་ཤིས་བརྗོད་ཀྱི་མེ་ཆར་ཕབ་སྟེ། ཆུ་ཁ་མ་ནས་དྲུང་གཞས་ཀྱིས་སྡུན་བསུས་ཞལ་དྲོར་རྗེས་ཆོག་རྣམས་དང༌། ཚོམས་ཆེན་དུ་དགའ་སྟོན་བཞུགས་གྲལ་གྱི་ཚེ་གསུང་བཤད་མཚམས་སྦྱོར་ལ་རྗེ་བཙུན་ས་སྐྱ་པར་གདུང་རབས་རིན་པོ་ཆེ་དགོས་གལ་ཆེ་ཚུལ། ཐོག་མར་གནམ་ཁའུ་པས་དཀོན་མཆོག་རྒྱལ་པོ་དང་མ་གཅིག་ཞང་མོ་རྟེན་འབྲེལ་བསྒྲིགས་ནས་ས་ཆེན་འཁྲུངས་ཚུལ། ས་ཆེན་ལའང་སྒྱི་ཆུ་བའི་ཞལ་ཆེམས་སེར་ཆས་ལ་རྩི་འཇོག་མཛད་མི་དགོས་པར་གནམ་ཁའུ་པ་ཉིད་ཀྱི་གསུང་བཞིན་གདུང་འཛིན་གྱི་གོ་སར་བཞུགས་ནས་མ་འོངས་པར་ཕན་པའི་ལུང་བསྟན་བདག་ཉིད་ཆེན་པོ་བཟང་པོ་དཔལ་ལ་རྒྱ་ནག་གོང་མ་ཆེན་པོ་དང་ས་སྐྱའི་དཔོན་ཆེན་བུ་སློབ་རྣམས་ཀྱིས་གསོལ་བ་བཏབ་ཚུལ། སྔགས་འཆང་ཆེན་པོ་དང་ཨ་མེས་ཞབས་རབ་བྱུང་ལས་སླར་གདུང་འཛིན་མཛད་ཚུལ་