R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༡
[A:༥༦༡]དགས་གཞོལ། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་སོ་བརྒྱད་དུ་ཕེབས་པ་མེ་ཁྱི་རྟ་ཟླའི་བཅུ་བཞི་ཉི་མ་རྒྱལ་འཛོམ་ཉིན་གདུང་བརྒྱུད་སྐུ་བལྟམས་ཟིན་པ་དང་མ་འགྱངས་པར་བལྟམས་རྒྱུ་བཅས་ཀྱི་སྐུ་གེགས་སེལ་ཕྱིར་གདུགས་དཀར་ཉེར་བདུན་མའི་དབང་རས་དཀྱིལ་སྟེང་ནས་མཛད་དུས་ཕན་ཁང་དབོན་ནས་བྱམས་སྐུའི་རྒྱབ་ཡོལ་གྱི་བཟོ་གདན་སར་དབུ་འདོན་མཐར་ཕྱིན་ལེགས་སོའི་གྲས་ལ་དངུལ་གྱི་མཎྜལ་ཆེ་ལེགས་ཤིག་ཕུལ་བ་ལྟ་གོན་ཉིན་ཚོམ་བུ་བཀོད་ཆོག་དང༌། བཅོ་ལྔར་དབང་གི་དངོས་གཞིའི་ཉིན་མེ་ཏོག་སེར་པོ་ཁ་གསར་འབུལ་མི་བྱུང་བ་སོགས་རྟེན་འབྲེལ་གྱི་ལ་ཉེ་ཤིན་ཏུ་ཤིས། བཅོ་བརྒྱད་དང་བཅུ་དགུར་གཤེད་དམར་རས་དཀྱིལ་ཐོག་ནས་སྟ་དངོས་མཛད་དེ་སྐུ་གདུང་རིན་པོ་ཆེ་དགུང་གྲངས་བཞིན་པ་དང་ཡུམ་སོགས་ལ་དབང་བསྐུར་མཛད་པས་གནས་དང་དབང་རྫས་སོགས་ཕལ་ཆེར་གདུང་བརྒྱུད་རིན་པོ་ཆེའི་མཁྱེན་མཚོར་བཞུགས་པས་རྗེ་ཉིད་ཐུགས་དགེས། སྐུ་ཆུང་བ་ནི་དེ་དུས་ཡུམ་གྱི་ལྷུམ་ན་མཆིས་པས་རྗེ་ཉིད་ནས་སློབ་མ་སྟ་གོན་དང་དངོས་གཞི་ཐམས་ཅད་ལ་སྤྱན་དམིགས་ཡང་དག་མཛད་པས་བཀའ་དབང་དེ་གསན་པའི་གོ་ཆོད་པ་ཙམ་ཡོད་གསུངས། དེ་སྐབས་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་རྗེ་ཉིད་ཀྱི་འོད་གསལ་དུ་ཡང་ཡང་དགྱེས་ཉམས་ཅན་དུ་ཕེབས་ཏེ་དབུགས་དབྱུང་གཟེངས་བསྟོད་ཀྱང་སྩལ་ཞིང་དུས་རྟགས་དང་བསྟུན་བསམ་ཡས་སུ་རྒྱལ་པོ་སྐུ་ལྔ་དང་ཡབ་སྐྱ་བདུན་གྱི་རྟེན་མདོས་ཀྱང་འཛུགས་པར་མཛད། དེ་ནས་འཆར་འཕར་གྱི་བསྟེན་མཁས་བགྱི་བས་དུས་འདའ་བཞིན་པར་ས་གའི་ཚེས་གཉིས་གསུམ་སྐབས་རི་བོ་ཆེ་ནས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྣམ་ཐར་སྔ་བསྒྲིགས་སུ་གྲགས་པ་པར་མ་ཞིག་ཕྱག་ཏུ་སོན་པ་ལྗགས་ཀློག་གི་མུ་དང༌། ཚེས་གསུམ་ཉིན་བན་ཚང་པར་རྗེ་ཉིད་ནས་གསར་བཙུགས་མགོན་མདོས་དང་དམ་ཚིག་བསྐང་བའི་ཕྱག་ཆར་སྦྱོར་འཇགས་ཀྱི་རྡོར་དྲིལ་ཐེག་ཆེན་འདྲ་ཅོག་དངོས་གཙང་འགའ་ཞིག་སྒྲིག་གནང་དེའི་སང་ཤར་མ་སྐྱ་ཙམ་ཟླ་ལག་ཆུ་ནང་འཕྲད་པ་བདུད་