R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༠
[A:༥༦༠]སོགས་ལས་འཕྲོས་ཏེ་གྲགས་བློ་བས་ཨ་མེས་ཞབས་ལ་ཞལ་ཏ་ནན་ཏན་གནང་ཚུལ་བཞིན་དེང་དུས་རྗེ་རྡོ་རྗེ་འཛིན་ཉིད་ལའང་གནས་ཚུལ་དེ་ལྟར་ཤར་ཚུལ། གདུང་རབས་རིན་པོ་ཆེ་མྱུར་དུ་ཕེབས་ཆེད་གོང་གི་སྒྲུབ་མཆོད་བརྒྱ་ཚར་རྣམས་དང༌། གྲྭ་ལྔ་ལུགས་སྐུ། སྒྲོལ་མ་གསེར་ལྗང་མ། རྒྱལ་ཡུམ་ནས་དངུལ་གྱི་སྒྲོལ་དཀར་གསར་བཞེངས། གཞན་ཡང་འཇིམ། སྐུ་ལྡེབས་བྲིས་བཅས་བཞུགས་པའི་ཞལ་དྲོ་ལྷ་ཁང་རྟེན་བརྟེན་པར་བཅས་པའི་རབ་གནས་ཡིན་ཚུལ་སོགས་ཀྱིས་འདོམས་པར་མཛད་དུས། གྲགས་བློ་བའི་ཞལ་ཏ་ལོ་རྒྱུས་རྣམས་གསན་པས་དབུ་བྱེད་བཀའ་བཅུ་པ་སྤྱན་ཆབ་དབང་མེད་དུ་ཉིལ་ཞིང༌། དེ་ནས་ལེགས་སྐྱེས་ཀྱི་བདོག་པ་རྣམས་བཞེས་ནས་བཟོ་པ་རྣམས་ལ་གནང་སྦྱིན་གྱ་ནོམ་པའང་བྲིམས་པར་མཛད། དགུན་ཐོག་མཛོད་འཛིན་བླ་བྲང་མཆོག་ཏུ་གཏན་ཚིགས་ཞུ་བར་ཕེབས་པ་དང༌། དྲུང་ཡིག་ཀུན་ཕུན་གདོང་སྣ་བའི་ཁ་མཆུའི་ངོ་ལེན་ལ་འཐོན། རྗེ་ཉིད་ནས་གོང་དཀར་འོར་སྦུག །རིན་རྩེ་རྫོང་དཔོན། སྡེ་དགེ་ཨ་འཁྲོ་སོགས་ཀྱི་རེ་སྐོང་དང༌། འབྱུང་འགྱུར་སྐུ་གདུང་རིན་པོ་ཆེ་གེགས་མེད་དུ་ཕེབས་ཐུབ་པ་དང༌། སྡེ་དགེར་རྒྱལ་སྲས་འབྱུང་བ་སོགས་ཀྱི་ཆེད་དུ་མགོན་ཁང་ཁག་བཞིར་དཔལ་གྱི་ཞལ་ཟས་འཛུགས་གནང་གིས་ཕྲིན་འཆོལ་གནད་སྨིན་མཛད་པའི་སྐབས་སོ། །དེ་དག་གི་དོན་བསྡུ་ན། ངལ་བསོས་མཆོག་གི་དངོས་གྲུབ་སྣང་བརྙན་དུ། །ཤར་འཕྲལ་དམ་ཡེ་དབྱེར་མེད་དགེ་མཚན་བདག །བྱིན་རླབས་གཟི་འབར་ནམ་མཁའི་ནོར་བུ་ལ། །འགྲན་ཟླར་རྩོམ་འདོད་མེད་ཁྱེར་ཕུང་བྱེད་སྒྲུབ། །རྡོ་རྗེའི་སྟན་ལ་ཐོག་མའི་རྟེན་འབྲེལ་གནད། །ལྷུན་གྲུབ་ཆད་མེད་རྒྱལ་བའི་ཕྲིན་ལས་ལ། །ཅོ་འདྲི་མིན་ན་རྒྱལ་སྲས་དམ་པ་རུ། །གྲུབ་པའི་གཏན་ཚིགས་གསལ་བ་སུ་ཡིས་འགོག །འཕྲོག་བྱེད་གདོང་དུ་ཐར་པའི་གཞལ་མེད་ཁང༌། །རྒྱུད་སྡེའི་ལྷ་ཚོགས་འཁྲུངས་ཚེ་ཞལ་དྲོའི་སྒྲ། །དོན་དང་ལྡན་མོད་སླར་ཡང་མཆོད་ཡོན་གྱི། །མྱུ་གུ་གསར་བུའི་ཆོ་གར་སྤྲོ་