R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༢
[A:༥༦༢]རྩི་སྦྱོར་བའི་ཐོག་སྐུ་གདུང་རིན་པོ་ཆེ་བལྟམས་རན་པས་གང་ཅིའི་བཅའ་སྒྲིག་ཆུ་ལུག་བཞིན་མཛད་དེ་བདེ་བར་བལྟམས་པས་ལེགས་སོ་བཀྲ་ཤིས་ཀྱི་མངའ་གསོལ་སོགས་གནང༌། ཉི་ཤར་ཐོག་གཟིམ་ཆུང་རྩེར་རྗེ་ཉིད་ནས་ལྷ་བསང་མཛད་རྗེས་ཚེ་དཔག་མེད་ཀྱི་སྐུ། རྣམ་རྒྱལ་སྒྲུབ་ཐབས་རྗེས་གནང༌། ཛ་བིར། སྡོམ་རིག །རིག་གནས་སྐོར། རྡོར་དྲིལ་སོགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་བདོག་པའི་དངོས་པོ་དང་བཅས་ཐུགས་དགྱེས་བཞིན་དུ་སྩལ་ཏེ་ཤིས་བརྗོད་ཀྱི་མེ་ཏོག་དང༌། རིམ་བཞིན་ཚེ་དཔག་མེད་ཀྱི་བཀའ་དབང་སོགས་གནང༌། དེ་ཉིན་མཛོད་འཛིན་ནས་ཞལ་དྲོ་ལྷ་ཁང་གི་མཆོད་ཀོང་གསེར་ལྗང་མ་འབྲུས་ཕྱུར་ཏེ་གཟིགས་འབུལ་སྐབས་ད་ནངས་ཡང་གདུང་བརྒྱུད་ཞིག་འཁྲུངས་ཚུལ་ལས་འཕྲོས་པའི་བཀའ་གསང་མང་དུ་གྲོལ་ཞིང༌། དེ་མཚམས་ནས་རྗེ་རྡོ་རྗེ་འཆང་ཉིད་ཀྱི་དགོངས་པར་འཁྲུངས་པ་ཞལ་སྒོ་ལས་བྱོན་པ་ནི་འདི་ལྟ་སྟེ། རང་གི་སེམས་ལའང་གདུང་སྐུ་མཆེད་འདི་དག་འཁྲུངས་རྟགས་སོགས་གང་ས་ནས་ཤིན་ཏུ་ལེགས་ཤིང༌། རང་ཡང་སོ་བདུན་ཀེག་སྲི་ཐུ་མོ་དེ་ལས་ཐར་བས་སྤྱི་སྒོས་ནས་རེ་བ་མཛད་ཅིང༌། རང་ནས་ཀྱང་ལུང་མོ་རྩིས་སོགས་ལ་བབས་པའི་རིམ་གྲོ་དང་གཞན་ནས་སྒྲུབ་འོས་ཀུན་འབད་པ་བསྐྱེད་ཁུལ་ལ་འབྲས་བུ་བྱུང་བ་འདི་བཞིན་སྤྱིར་དཀོན་མཆོག་གི་བདེན་པ་བསླུ་མེད་དང༌། བྱེ་བྲག་ཡབ་རྗེ་རྡོ་རྗེ་འཆང་དེ་ཉིད་ཀྱིས་ཁོ་བོ་ལྟ་བུ་གནས་སྐབས་དུས་བབས་ཀྱི་གདུལ་བྱར་གཟིགས་ཏེ་རིགས་སྲས་སུ་རྗེས་སུ་བཟུང་ཞིང་ལོ་ཆུང་ངུ་ནས་གོང་མའི་ཆོས་ཁྲི་རིན་པོ་ཆེར་ཆེ་འདོན་མངའ་གསོལ་ཐུགས་རྗེས་གཟིགས་ཏེ་འཁུར་དབང་མེད་དུ་འཁྱེར་དགོས་ལ་རང་ནི་ན་ཕྲ་ལུགས་ཟུང་གང་ལའང་ཤེས་རྒྱ་མེད་ཁར་གཏི་ཐོམ་དང་སྤྲ་ཆལ་གཉིས་ཀ་ཡོད་པས་ཟིན་རེ་མེད་ཅིང༌། མ་ལགས་དེ་ངེད་རང་ལ་སྐུ་དྲིན་འཁོར་མེད་ཡིན་ཡང་གོ་ས་མཐོན་པོ་འདི་འདྲར་ཞལ་བཀོད་མི་ཐུབ་ཅིང༌། མཛོད་པ་རྒྱལ་མཚན་རིན་ཆེན་ཤེས་རབ་ཆེ་བས་དཔེ་འཛིན་སྐྱེན་ཞིང༌། དཔེ་དོན་འབྲེལ་བ་བརྗོད་པ་