R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༣
[A:༥༦༣]གཙང་བའི་གཏམ་ལ་རང་དབང་ཐོབ་པ་ལྟ་བུ་ཡིན་པས་མི་དབང་ཆོས་རྒྱལ་སོགས་ཆེན་པོ་རྣམས་ཀྱི་དགོངས་པར་འཆར་བ་དེ་ཡང་གོ་ས་ཆེན་པོ་འདིའི་བགྱི་བ་རང་ཐོག་ཏུ་བབས་པ་ན་འོ་བརྒྱལ་ཙམ་ཡོད་དམ་ཀ་བསམ་ཞིང༌། གཉེར་དཔོན་བགྲེས་པོ། དྲུང་ཡིག་ཀུན་སངས་སོགས་དྲུང་སེར་རིགས། མགྲོན་གཉེས་སོགས་དྲུང་སྐྱའི་རིགས། མཁན་ཆེན་སོགས་གྲྭ་ཚང་རྣམས་ཀྱི་ཁྲོད་ནའང་ལུགས་གཉིས་ཀ་ནས་མཁྱེན་རླབས་ཅན་རང་ཡོང་དཀའ་བས་རྒྱུ་འདོན་སྤུན་འདོན་གྱི་བགྱི་བར་ཡང་འགའ་ཞིག་མཐུན་ལ་འགའ་ཞིག་མི་མཐུན་པ་ཡང་འདུག་པར་བཅས་འཛིན་སྐྱོང་ཉག་ཕྲ་དེ་སྐབས་སུ་གང་སར་ཐར་རྩེ་རྡོ་རྗེ་འཆང་དེ་ཉིད་ཀྱིས་ལེགས་སློབ་ཉེས་བཅོས་དངོས་བརྒྱུད་ཀྱི་སྒོ་ནས་བཀའ་དྲིན་བསྐྱངས་ཤིང༌། ངེད་རང་སྒེར་གྱི་སྒོ་གསུམ་གྱི་བྱ་བར་གནས་སློབ་བཟོད་པ་བཀྲ་ཤིས་དེས་ཡབ་རྗེ་རྡོ་རྗེ་འཆང་བཞུགས་སྐབས་ཀྱང་བསླབ་བྱ་ཚད་མེད་མཛད་ཅིང༌། རང་ལ་གདན་སའི་འཁུར་བབས་པ་ནས་བཟུང་ཉིན་རེ་བཞིན་ཡང་སྐྱོན་ཡོན་ཆར་འབེབས་ལྟར་བཀའ་དྲིན་ཆེ་བས་དེ་སྐབས་སུ་ནི་ཞེ་བསུན་ཡོང་ཡང་རིང་པོར་མ་ཐོགས་པར་མི་གྲལ་དུ་ཆུད་ཅིང་བླ་གོ་ཆོད་ཙམ་གྱིས་གདན་ས་བཟུང་ཐུབ་པའང་དེ་ཉིད་ཀྱི་སྐུ་དྲིན་ཡིན་པས་གང་ལྟར་རང་གཞན་རྒྱུ་རྐྱེན་དེ་དག་གིས་གདན་ས་ཆེན་པོར་སྐུ་ཆག་ཡོང་ཉེ་རང་ཡིན་འདུག་ཀྱང༌། ཡབ་རྗེ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ནི་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྫོགས་པའི་སངས་རྒྱས་སོ་སོའི་སྐྱེ་བོའི་སྐུར་བསམས་བཞིན་རྣམ་པར་སྤྲུལ་པ་ཞིག་ཏུ་གཏན་ཚིགས་ཡང་དག་པ་ནི། དེ་ཡང་སྔགས་འཆང་ཀུན་དགའ་བཀྲ་ཤིས་ནས་ལྕམ་ཟུང་གཞོན་ནུ་ནས་བཞེས་ཀྱང་རིགས་སྲས་ཞལ་གཟིགས་ཤིན་ཏུ་དཀའ་ཚུལ་མཛད་པས་སྤྱི་སྒོས་ཡི་མུག་མུན་གླིང་ངུ་འཁྱམས་སྐབས་ཐུགས་རྗེའི་རང་གཟུགས་ཉི་མ་ཤར་བ་བཞིན་ཕེབས་ཏེ་ཡབ་རྗེ་མཆོག་ལས་གསན་པ་རྒྱ་མཚོའི་ཕ་རོལ་ཏུ་སོན། གཞོན་ནུ་ནས་གསན་བཞེས་ཕུལ་ཕྱིན་བཀའ་དྲིན་བསྐྱངས་ཏེ་དགུང་ལོ་བདུན་པར་ཡབ་གཤེགས་པས་སྐུ་ན་ཕྲ་མོ་སྐུ་རྐྱང་ངང་