R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༤
[A:༥༦༤]ལ་ཐུག །ཡ་ངའི་དུས་ཚོད་དེ་འདྲའི་སྐབས་ཞབས་ཕྱི་རྣམས་མགོ་མ་འཚོ་བར་སྔགས་འཆང་ཀུན་དགའ་བཀྲ་ཤིས་ཀྱི་སྐུ་དྲིན་ལོག་འཇལ་བྱེད་མཁན་ཚོས་དབུག་ཤིང་གིས་ཡུམ་སྲས་ལ་ཐུགས་ཟོས་བདེ་བ་ཉིན་གཅིག་ཀྱང་མེད་པ་ལྟར་གྱུར་ཀྱང་ལོག་སྒྲུབ་དེ་དག་གིས་ནམ་ཡང་མི་བརྫི་བར་བླ་མ་གོང་མའི་ཕྱག་སྲོལ་བཟུང་བར་མཛད་ཅིང༌། ཞབས་ཕྱིའི་ཐུགས་བསུན་དེ་ལས་ཡོལ་ནས་མ་འགྱངས་པར་ཇུན་གར་པས་བོད་ཡུལ་ལ་དཔུང་འཇུག་མཛད་དུས་བོད་ཀྱི་ཆེ་གཉན་ཕལ་ཆེར་སྐྲག་ཅིང་རྟབ་རྟབ་པོར་གྱུར་དུས། སྤྱི་འགྲེ་བཞིན་འདིར་ཡང་རྒྱལ་ཡུམ་སོགས་བཟོད་གླགས་མེད་པའི་ཐུགས་འཁོལ་དང༌། མཛོད་པ་ཕུ་གསུམ་པ་སོགས་སྡིངས་ཆེན་གྱོང་ངེར་གྱི་རིགས་ནང་དུ་སྙིང་འདར་ཡང་ཕྱིར་སྣང་མེད་དུ་སྡོད་པས་གཞན་ཕལ་ཆེར་གདུང་བརྒྱུད་སྐུ་ན་ཕྲ་སྐབས་འདི་ཚོས་བྱེད་ལུགས་ཀྱི་ས་ལ་ཧུད་ག་འདྲ་ཞིག་བྱས་འགྲོའམ་སྙམ་རུང་རེ་གཉིས་ནས་ཕག་ལབ་བྱེད་པ་ལས་ཟེར་ནི་མ་ནུས། ཉེན་ཆེན་དེ་འདྲའི་ཚེའང་དཔའ་གདེང་དང་བཅས་བླ་མ་མཆོད་དཔོན་སོགས་གཟུ་བོར་གནས་པ་རྣམས་ལ་རང་རེར་སྐྱོན་མི་འབྱུང་བའི་གསུང་གིས་དབུགས་དབྱུང་དང་བཅས་བཞུགས་པས། རེ་ཞིག་ནས་དམག་པ་དེ་གྲས་ཁ་ཤས་གཙང་ལ་དོན་སྤྱོད་གཞན་ལ་ཡོང་ཞོར་འདིར་ཡང་འབྱོར་བར་སྤྱིར་ཁ་འཁྱམས་སྣ་ཚོགས་ཀྱིས་བརྡབ་ཤོགས་དང༌། བྱེ་བྲག་མི་ཉག་དཔོན་པོ་ཟེར་བ་ཞིག་གིས་དགོས་མེད་དུ་བསྡིགས་པ་ཐམས་ཅད་བློ་གཏོར་ནས་ཅི་བྱར་གྱུར་པའི་མུར་དམག་པ་དེ་རྣམས་འབྱོར་ཕྱག་ཞུ་སྐབས་རང་བཞིན་སྐུ་མདུན་དུ་འོངས་པ་ལས་དད་གུས་ཀྱི་པར་ཀབ་མེད་ཀྱང་ཞག་ཤས་ནས་འཐོན་ཕྱག་ཞུས་དུས། གནང་སྦྱིན་བཀུར་གཟོས་རྣམས་ཀྱང་ཡར་ཕུལ། ཕྱག་འཚལ་སྐྱབས་འཇུག་གི་རྗེས་འཛིན་ཞུས་ཤིང༌། ཁོང་རང་ཚོའི་དཔོན་པོར་ཡང་འདི་གའི་གནས་ཚུལ་བཟོ་མེད་ཞུ་རྒྱུ་ཡིན་པ་མདོངས་གསོལ་དུ་ཁས་བླངས་པས་འདིར་ཡོད་རྣམས་ཉི་ཟླ་སྒྲ་གཅན་ལས་གྲོལ་བ་ལྟ་བུ་དང༌། ཡོངས་གྲགས་ལའང་ས་སྐྱར་ཅི་ཡང་མ་སྐྱོན་ཞེས་སྙན་གྲགས་དོན་ལྡན་དེང་སང་མངོན་སུམ་