R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༥
[A:༥༦༥]དུ་གྱུར་པ་དང༌། ཁོ་བོ་སོགས་གདུང་སྲས་ཁ་ཤས་འདུལ་བྱའི་རེ་སྐོང་དུ་སྩལ་བ་ལས་ཁོ་བོ་དང་ནུ་བོ་གཞོན་པ་དེས་རེ་ཞིག་ཅུང་ཟད་ཕན་པའི་རྒྱུ་མཚན་གཟིགས་ནས་རིང་འཚོའི་བདེན་ཚིག་རེའི་དབུགས་དབྱུང་མཛད་པར། ཁོ་བོའི་འདིར། བྱམས་བསྟན་མ་ཤར་བར་དུ་ཞབས་བརྟན་པའི། །ཕྲིན་ལས་སྲུང་མའི་ཚོགས་ཀྱིས་བསྒྲུབ་པར་མཛོད། །ཅེས་བྱམས་བསྟན་སོགས་མ་འོངས་པར་འབྱུང་རྒྱུ་ཡིན་པས་ནུ་བོ་དེ་སྔོན་ལ་འདས་ནས་མ་འོངས་པའི་ལྕི་ཁག་དེ་ཁྱོད་རང་གཅིག་སྟེང་དུ་ཁེལ་ནས་དར་ཙམ་ཞིག་དཀའ་མོ་ཡོང་ཡང་ཕྲིན་ལས་སྲུང་མར་བཅོལ་ཡོད་པས་ཧུར་ཐག་ཐོངས་ཤིག་གསུང་རྒྱུར་འདུག་ཀྱང༌། རིང་འཚོའི་བདེན་ཚིག་ཡིན་པའི་ལུགས་སུ་མཛད་ནས་གསུང་རིགས་དེ་འདྲ་ཞིག་མཛད་པ་སོགས་དུས་གསུམ་སྒྲིབ་མེད་དུ་གཟིགས་ཤིང༌། གཞོན་དུས་ངེད་རང་རབ་བྱུང་ནུ་བོ་དེ་གདུང་འཛིན་ཡིན་པའི་ལུགས་སུ་བྱས་ན་ཆོས་འཆད་སོགས་དགའ་རབ་བྱེད་རྒྱུ་ཡོང་བ་དང༌། རྩེ་གདོང་སོགས་རང་རེའི་ལག་འབྱོར་དེར་ཡང་ཟླ་ཤས་སྡོད་དགོས་པ་དང༌། དབང་དེའི་སྐུ་ཐོག་ལ་ཡང་ཡང་ངོས་འགྲོ་བྱེད་དགོས་པས་དེ་སྐབས་རབ་བྱུང་གི་ཆ་ལུགས་ཀུན་གྱི་མིག་སྔར་མཛེས་ཤིང་གདན་སར་ཡང་གདུང་ཞིག་བཞུགས་མཁན་ཡོད་པས་གདུལ་བྱ་རྣམས་བློ་བག་དྲོ་བའི་ཕྱིར་སེར་སྐྱའི་རྣམ་པ་དེ་ལྟར་དུ་འགྱུར་བར་མཛད་ཅིང༌། ཕྱིས་ནས་ནུ་བོ་དེར་སྐུ་ཚེ་དཔག་ཏུ་མེད་པ་ནས་ལན་ཆགས་པའི་སྣང་ཚུལ་དེས་སྐུ་ཚེ་དང་གདུང་བརྒྱུད་གང་སར་བར་གཅོད་དེ་བཞིན་ཡོང་བ་བཟློག་ཏུ་མེད་ཀྱང༌། ནུ་བོ་དེས་གནས་སྐབས་འཁྱུག་ཙམ་ཞིག་ཏུ་ཁྱེད་ལ་ཕན་ཐོགས་པས་སྤུན་དུ་བཞག་པ་ཡིན་ནོ། །ཞེས་སྟོན་པར་མཛད་འདུག་པས། སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་གྱི། །ཞེས་སོགས་སྐུ་བསྟོད་ཤློ་ཀ་གཅིག་པོ་འདི་ཡང་དོན་ལ་གནས་པའི་སྐུ་བསྟོད་རང་ཡིན་མིན་གཟིགས་པ་ཞུ་ཞིང༌། རྒྱུ་མཚན་དེས་ན་ཁོ་བོས་ད་ལམ་གྱི་སྐྱེ་བ་འདི་ལ་ངོ་སྐལ་དུ་གྱུར་པ་རྣམས་