R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༦
[A:༥༦༦]སྔོ་ལོ་མ་འཆར་ཙམ་བྱུང་བ་ཡང་རྣམ་འདྲེན་དམ་པ་དེ་ཉིད་ནས་དུས་ཚོད་འདི་ཙམ་ལ་ཁོ་བོའི་དགེ་བའི་ལས་འབྲས་ཀྱིས་སྤྱིར་དལ་འབྱོར་གྱི་ལུས་དང༌། བྱེ་བྲག་རྗེ་བཙུན་ས་སྐྱ་པའི་གདུང་དུ་གྱུར་ནས་ངོ་མཚར་བའི་ལག་རྗེས་ལ། གདུང་སྤེལ་ཐུབ་པ་འདིས་མཚོན་ཁོ་བོ་རང་དང་འདྲ་བའི་དམུ་རྒོད་འགའ་ཞིག་སྤྱི་བྱེ་བྲག་ལ་འབྱུང་བའང་རིགས་མཐུན་གྱི་སྤྱོད་པ་དེས་མགུ་བས་གདན་ས་ཆེན་པོ་འདིར་ཕན་རེ་མཛད་པ་ཡིན་འདུག་པས། གདུང་སྐུ་མཆེད་འཁྲུངས་རྟགས་བཟང་ཞིང་གང་ས་ནས་རེ་བྱེད་རྒྱུ་ཡོད་པ་འདི་ནི་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་རྗེ་དང༌། རང་གི་ལས་ཀྱིས་བདས་པས་རྗེ་དེ་ཉིད་ཀྱི་སྲས་སུ་རྗེས་སུ་བཟུང་ཡང་ཞལ་གྱི་བདུད་རྩི་ཉུང་ངུ་ལས་མ་ཐོབ་ཅིང༌། ནར་མ་སོན་པར་འཁུར་འཁྱེར་བས་རང་གིས་ནི་མི་ཤེས། གཞན་འགའ་ཞིག་ལྷག་བསམ་དག་ཅིང༌། ལ་ལ་རྒྱུ་འབྲས་ལ་མི་བརྩིབའང་ཡོད་པ་དང༌། ཁ་ཅིག་རང་གཞན་གཉིས་ཀའི་འཕྲལ་ཕུགས་མི་ཤེས་ཀྱང་ལས་ཀྱི་དབང་གིས་འཁོར་དུ་འདུས་པས་རང་གཞན་གྱི་སྤྱོད་པ་མ་རུངས་པས་སྒྱིད་ལུག་པ་དང༌། ན་ཚ་སེམས་ངལ་བག་མེད་ཀྱི་སྤྱོད་པ་སོགས་སྔ་ཕྱི་བར་གསུམ་གྱི་བགྱི་བ་རྣམས་ནི་རང་གི་ལས་ཡིན་པས་བཤགས་སྡོམ་བྱེད་མུར་རང་དབང་མི་འདུས་འདུག་པས། བླ་མ་དམ་པ་ཁྱེད་ཀྱིས་བདག་སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཅི་བྱུང་ཡང་ཐུགས་རྗེས་གཟུང་དུ་གསོལ། རྗེ་དེ་ཉིད་ཀྱི་རྣམ་ཐར་དྲན་ཞིང་རང་གཞན་གདུག་རྩུབ་ཅན་རྣམས་ལ་ཞེ་ལོག་པའི་སྐྱུགས་པ་བསྐྱིལ་མ་ཐུབ་པའང་ཀུན་བློ་ཁོ་རང་ལ་དེ་འདྲ་ཞིག་ལས་མི་འདུག་པས་མཐོལ་ལོ་བཤགས། ཞེས་བཀའ་སྩལ་པ་ལགས། དེ་ནས་རིམ་བཞིན་རིལ་སྒྲུབ་ཕྲིན་འཆོལ་སོགས་དང༌། གོང་གི་རྟེན་འབྲེལ་རྣམས་དང་བསྟུན་དར་དཀར་ལ་མཚན་གྱི་མངའ་གསོལ་འདྲི་བར་མཛད་པ་ནི། ཕན་བདེ་རྒྱ་མཚོའམ་ཨེ་ཝཾ་བཟང་པོར་གསོལ་བའི་རྒྱུ་མཚན་སྐུ་མཆེད་གཉིས་བྱོན་པ་དང༌། འཁྲུངས་དུས་རྡོར་དྲིལ་