R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༨
[A:༥༦༨] ལྷོར་སྤོ་གནང་གིས་ཕེབས་འཕྲལ་ཤིས་བརྗོད་སྦྱང་ཁྲུས་ཚེ་ཆོག་ལྷ་བསང་གཏོར་སྤོད་སོགས་མཛད། དེ་ནུབ་རྡོ་རྗེ་ཕུག་ནས་སྲས་མོ་དཔལ་ལགས་འཇིགས་སྣང་ཞིག་གི་རྐྱེན་གྱིས་མཚན་ལངས་བྱུང་བ་མ་འགྱངས་པར་ཞིང་བརྗེ་བའི་ལྟས་དང༌། ཟླ་ནང་དེར་སྲས་མོ་སྐུ་ཆོས་མཛད་པའི་མཚན་ཚུལ་ཁྲིམས་དཔལ་རྒྱས་དབང་མོར་གསོལ། ཕུར་སྒྲུབ་སྐོར་ཆུ་ལུག་བཞིན་མཛད་རྗེས་གཞི་ཐོག་ཕོ་བྲང་དུ་ཕེབས། གཞི་ནས་མེ་གླང་ལོ་ཡན་རྗེ་རྡོ་རྗེ་འཆང་ནས་སྒྲུབ་མཆོད་སོགས་ལ་ཕེབས་རྟག་ཅིང་དབང་བསྐུར་བགྲང་ཡས་མཛད་པ་སོགས་སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་འཇམ་མགོན་ཨ་མེས་ཞབས་ཀྱི་མཛད་སྒོ་ཤ་དག་ལས་ཀྱང་བརྒལ་བ་གནང་ཞིང༌། དེ་ནས་མེ་ཁྱིའི་བར་ལོ་དགུ་ཙམ་གྱི་རིང་ཕུར་སྒྲུབ་དུས་མདོས་གཏོར་སྤོད་སོགས་གལ་ཆེ་རིགས་མ་གཏོགས་ཕལ་ཆེར་ལ་ཕེབས་མ་ཐུབ་ཀྱང་འདི་ནས་བཟུང་ཆོས་སྡེ་ཉི་ཟླ་རྣམ་གཉིས་ཀྱི་བསྒྲིགས་ལ་རྟག་པར་ཕེབས་པའང་རྗེ་ཉིད་ཀྱི་ཚོགས་གསོག་སྒྲིབ་སྦྱོང་ཉི་སྐྱེལ་ལྟ་བུ་མ་ཡིན་པར་ཐུགས་ཀྱི་མཐིལ་ལ་འདི་ལྟ་འཁྲུངས་ཏེ། སྔོན་གྱི་བླ་མ་གོང་མ་ཕར་ཆེར་སྒྲིག་རྒྱུགས་རང་མཛད་ཅིང༌། ཁྱད་པར་སྔགས་འཆང་ཡབ་སྲས་དང་ཨ་མེས་ཞབས་ཡབ་སྲས་རྣམས་ནས་ཚོགས་འདོན་གསུང་བསྐུལ་དང་རོལ་དཔོན་སོགས་རྟག་པོར་མཛད། དབྱར་དགུན་གྱི་གཞིས་ལེན་གསུང་ཆོས་རྣམས་ལ་ཆག་མེད་ལྟར་ཕེབས་སྲོལ་ཡོད་པ་ནི་དམ་བ་དེ་དག་གི་རྣམ་ཐར་ན་གསལ་ཞིང༌། བྱེ་བྲག་སྔགས་འཆང་ཆེན་པོ་ཞིང་བརྗེ་ཁ་མར་ཟླ་བ་སྔོན་མའི་ཕུར་སྒྲུབ་རོལ་དཔོན་མཛད། ཨ་མེས་ཞབས་དགུང་གྲངས་རེ་བགྲངས་ཙམ་གྱི་གསུང་ལས། ཚོགས་འགྲོ་མི་ཐུབ་པའི་ལུས་འདི་བརྗེས་ན་དགའ། ཞེས་སོགས་ཀྱི་གནས་ཚུལ་ལ་དཔགས་ན་ཐོས་བསམ་སྒོམ་པ་འཆད་རྩོད་རྩོམ་པ་སོགས་མཛད་པས་སངས་རྒྱས་ཀྱི་བསྟན་པ་སྤྱི་བྱེར་འཕེལ་རྒྱས་འབྱུང་གི །གཞན་དུ་སངས་རྒྱས་ཀྱི་