R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༦༩
[A:༥༦༩]བསྟན་པ་རི་རབ་ཁང་ཁྱིམ་སོགས་སྣོད་ཀྱི་གཟུགས་དང༌། མི་ལ་སོགས་པ་བཅུད་ཀྱི་གཟུགས་ནི་མིན་པས་དེ་བཞིན་དུ་ཤེས་དགོས་པས་ན། སྔོན་གྱི་རྗེ་བཙུན་གོང་མ་བཞིན་དུ་མཁས་གྲུབ་གྲགས་པ་ཅན་བྱུང་ན་མཆོག་དང༌། གཞན་དུ་མཁས་པ་དང་བསྟན་པའི་བྱ་བ་རྣམས་དང་ཡ་རབས་བཟང་པོའི་ངང་ཚུལ་ནི་གཞར་ཡང་མི་བསྐྱུད་པ་སྔར་བས་ཀྱང་ལྷག་པ་སངས་རྒྱས་ཀྱི་བསྟན་པའི་ཆེད་དུ་སྒྲིག་རྒྱུགས་ཀྱི་འཁུར་འདི་བཟོད་པར་བྱའོ་དགོངས་པའི་དམ་བཅའ་ཐུགས་ལ་བཀོད་པ་ཡིན་གསུངས་ནས་ཁྲུམས་ཟླའི་གསང་འདུས་ལ་ཕེབས་སྐབས་ཤིག །དཔལ་ལགས་དེ་གློ་བུར་དུ་སྙུན་བབ་ལྕི་བ་གཟིགས་པས་འཕྲོད་བཞེས་རིམ་གྲོ་སོགས་ཡང་དག་མཛད་ཀྱང་བཟློག་མེད་ཀྱིས་རེ་ཞིག་ནས་སྐུ་མི་འཚོ་བར་མཁྱེན་ཏེ། སོ་འབྲང་འཁོར་ལོ་སྒྲོན་པ། བདུད་རྩི་སྩོལ་བ་སོགས་མཛད་དེ་ཉེར་བཞིའི་ཐོ་རེངས་དག་ཞིང་དུ་ཕེབས་འཕྲལ་རྗེ་ཉིད་ནས་མི་འཁྲུགས་པ། ཀུན་རིག །སྨན་བླ་སོགས་ཀྱི་གཟུངས་སྔགས་བསྔོ་སྨོན་གྱི་མཚམས་སྦྱོར་བཅས་དང༌། སྲས་ཡུམ་གྱི་སྐུའི་རིམ་གྲོར་བཟློག་པའི་རིགས་མང་དུ་མཛད་རྗེས་དགོངས་རྫོགས་རྣམས་བརྒྱ་དཔོན་ལ་བཀའ་འདོམས་བཅས་རུས་ཆོག་སྤུར་སྦྱོང་སཱཙྪ་སོགས་དང༌། མཆོད་འབུལ་བསྙེན་བཀུར་རྗེ་ཉིད་ནས་བྱང་བུ་ལམ་སྟོན་སོགས་མཛད་ཅིང༌། དེའི་ཚེ་གཅུང་དམ་པ་འཁྲུངས་པའི་དགའ་སྟོན་དུ་ཡུལ་ཆེན་བན་ཚང་པས་ལས་མཁན་རུ་འདྲེན་བཅས་ཀྱི་འཆམས་གཟིགས་འབུལ་ཁ་ན་ཡོད་ཀྱང་ཕུགས་ཀྱི་རྟེན་འབྲེལ་ལ་དགོངས་ཏེ་བཀག་མེད་གནང༌། དབྱུག་ཟླའི་ས་མཆོད་སོགས་སྟོན་དགུན་སྒྲུབ་མཆོད། གཏོར་བཟློག །དགུན་ཆོས་སོགས་ཚང་མར་ཕེབས་མུའི་སྨིན་ཟླའི་ཚེས་དགུར་ལྷོ་ཕྱོགས་ཀྱིས་མཚོན། ལུང་པ་དུ་མར་སྔར་ཐུགས་དྲན་མི་གསལ་བའི་གངས་ཆེན་པོ་བབས་པ་དང༌། གོང་མའི་རྣལ་འབྱོར་མའི་དུས་ཚོམས་ཆེན་འགག་ཏུ་གང་ནས་འོང་མེད་པའི་