R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༣༢༧
[A:༣༢༧]དུ་བཅུག་ནས། དར་ཅིག་དེ་སྐད་ལ་བཞུགས་ཤིང༌། ཁྱེད་མགོན་པོ་བསོད་ནམས་མཆོག་ལྡན་གྱི་རྣམ་སྤྲུལ་ཡིན་པས། སྒོམ་ཆེན་གྱི་རྟེན་འབྲེལ་ཞིག་བསྒྲིགས་པ་ཡིན་ནོ། །བརྡ་དོན་འདི་ལ་གནས་གསར་རྗེ་རང་ཅི་ཡང་མི་གསུང་ཡང༌། ཁོ་བོའི་བསམ་ཚོད་ལ་ནི། སྲུང་བ་ཐུན་མོང་བའི་སྐུ་ཞལ་ནང་བསྟན་དུ་ཡོད་པ་དེ། གསུང་ངག་ཚོགས་སློབ་གཉིས་ཀའི་བདག་པོ་མཛད་པའི་བརྡ་དང༌། དེའི་ཕྱི་མེ་ལོང་གཡའ་དག་ཡོད་པ་དེ། རིག་གནས་སོགས་ཤེས་བྱ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་མཁྱེན་པའི་བརྡ་དང༌། དེ་མགུལ་དུ་བཏགས་པ་དེ། ཆོས་འཁོར་བསམ་གྱིས་མི་ཁྱབ་པ་བསྐོར་བའི་བརྡ་དང༌། ཕྱག་གཡས་ལྕགས་རྡོར་འཕྱར་བ་དེ། རྡོ་རྗེ་ཐེག་པའི་བསྟན་པའི་སྲོག་ཤིང་སྲ་བརྟན་འཛད་ཅིང༌། ཐབས་ཀྱིས་ཕྱོགས་སུ་ལྷུང་བའི་བདུད་ཀྱི་བར་ཅད་ཐམས་ཅད་ལ། ཐུགས་བག་མི་ཚ་བའི་བརྡ་དང༌། གཡོན་ལྕགས་ཕུར་ཐུར་མནན་དེ་རྡོ་རྗེ་ཕུར་པའི་ཆོས་སྐོར་གྱིས་མཚོན་གསང་ཆེན་སྙིང་མའི་རིང་ལུགས་ཀྱི་སྒོ་ནས། སྙིགས་དུས་ཀྱི་ཕུང་འགོང་ཐམས་ཅད་གནོན་པ་དང༌། ཁྱད་པར་ངེད་རང་ནས་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་ཕུར་པའི་སྨད་ལས་དྲག་པོ་སྒྲོལ་དབང་གི་ཐོག་མ་དེ། གནས་གསར་རྡོ་རྗེ་འཆང་ལ་འབུལ་ཐུབ་པའི་རྟེན་འབྲེལ་ཡིན་ནམ་སྙམ། ཞེས་དང༌། རྣམ་ཐར་དེ་ཉིད་གསུང་རྩོམ་གྲུབ་ལ་ཁད་གྲུབ་དབང་སྒྲོ་ལུང་པ་ཆེན་པོ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་དབུ་སྐྲ་དང༌། བཅུ་ཤད་ལུང༌། འདྲ་སྐུ་ཆེ་ཆུང་གམ་དུ་འབྱོར་བ་སོགས་དཔྱོད་ལྡན་གྱིས་བལྟས་ན་གང་ཡིན་ཤེས་པར་འགྱུར། ཞེས་སོགས་གསུངས་པས་གྲུབ་དབང་སྒྲོ་ལུང་པ་མང་ཐོས་བསོད་ནམས་ཆོས་འཕེལ་གྱི་རྣམ་སྤྲུལ་དུ། ཞལ་བཞེས་འཁྲུལ་པ་མེད་པར་ལ་བཟླས་པས་སོ། །གཞན་ཡང་རྗེ་ཉིད་ཀྱི་གསུང་རྩོམ་མགོན་དེའི་རྣམ་ཐར་ལས། ཤིང་ཕོ་སྤྲེའུའི་ལོ་ཐ་སྐར་ཟླ་བ་བརྗེས་ཆེན་ཡབ་སྲས་