R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༣
[A:༥༧༣]མཆོད་གཏོར་གཟབས་པ་བཅས་ཚོགས་བདག་བསྐང་བ་ཟླ་གང་མའི་ཐོག །གཞུང་ཞབས་སུ་མཛོད་གསར་བསྐོ་ཡིག་ཞུ་དུས་དྲུང་ཡིག་ཀུན་ཕུན་ལྷ་སར་དོས་རྟ་འུལ་སྔར་བཞིན་འཁྲི་མེད་ཞུ་དོན་གྱི་སྐབས་དང༌། གདན་སར་འབྱོར་ཕྲལ་ས་གའི་ནང་གནས་བཅུ་ལྷ་ཁང་དུ་མཛོད་འཛིན་ཁུར་བཞེས་ཀྱི་བཀའ་འདོམས་དང༌། སྣྲོན་ཟླར་རྗེ་རྡོ་རྗེ་འཆང་ནས་མཛོད་ཁང་དུ་ཚེ་དཔག་མེད་ལྷ་དགུའི་དབང་བསྐུར་དང་སྦྲགས་ལས་ཞྭ་ལྡེ་ཁྲེས་གཏོང་ཡོང་གཏན་ཚིག་སོགས་དེ་བས་སྒམ། གཞུང་ཞབས་བསྐོ་ཡིག །དབང་ལྷའི་རྗེས་གནང་ཐོག་སྐུ་པར་དང་ཙནྡན་གྱི་ཕྲེང་བ་སོགས་གནང་ཆ་དང་བཅས་ལས་ཁུངས་སུ་མངའ་གསོལ་ཏེ་སྔ་ཕྱི་བར་གསུམ་གྱི་བཀའ་ལུང་ཆུ་འབབ་ལྟ་བུར་མཐའ་འདོམས་དང་བཅས་སྩལ་ནས་ཚོགས་བདག་བསྐང་གསོ་དང༌། དེ་ནས་ལྷ་མོ་མཆོད། དབྱར་ཆོས། སྒྲུབ་མཆོད་སོགས་ལ་ཐུགས་གཞོལ་སྐབས་ནས་མཛོད་འཛིན་རྒྱལ་མཚན་མཐོན་པོར་ཕེབས་ཉིན་ཆར་དྲག་པོ་ཞིག་གིས་བདེ་གླིང་ལྕགས་རིའི་ཤར་ཕྱོགས་ཆུ་ཆེན་འགྲེམས་པ་ཀུན་མཁྱེན་བཞུགས་ཁྲིར་སྐྱོན་མེད་གཡས་ཕྱོགས་སུ་འབབ་པ་རྗེ་ཉིད་ཀྱི་དགོངས་པར་གཞན་ལས་ངོ་མཚར་བ་ཞིག་འཁྲུངས་ཚུལ་ནི་ཕུགས་ཀྱི་རྟེན་འབྲེལ་ཞིག་ཡིན་འདྲ། དེའི་སང་མུས་ཆེན་ཐོག་མང་ཇ་བཞིའི་རྒྱུན་འཛུགས་དང༌། བ་རི་སྟག་ཚང་བའི་གདུང་བ་རི་ལོཙྪ་བའི་དབོན་བརྒྱུད་དུ་འཁྲུལ་ནས་བདག་རྐྱེན་ཡང་དག་མཛད་པར་གྲགས་ཤིང་མི་རིང་བར་མཛོད་འཛིན་ཡང་འབྱོར་ནས་ཕུར་སྒྲུབ་དང༌། རིགས་ཆའི་སྐབས་ཚོམས་ཆེན་ལྷོ་བརྒྱུད་ཉེན་ཆེས་སྟབས་ཞིག་གསོའི་གནས་ཚུལ་ཤར་ཞིང་སྨན་ཆབ་ཐོག་སྐུ་ཚབ་རྣམས་ལ་ཞིབ་ལྟའི་བཀའ་སྩལ་ལྟར། ལྷོ་སྐྱ་གོག་པོ་བྱིན་རླབས་དང་རྫུ་འཕྲུལ་ཀྱིས་བཟུང་བ་ལྟ་བུ་མིན་པ་འགྱེལ་ཞིག་མི་ཡོང་ཀ་མེད་ལ་སླེབས་ཐོག་མགྱོགས་རྐྱེན་སྤེན་བད་སྤར་བའི་ལྕིད་མ་ཐེག་པས་ཡིན་ཚུལ་ཕུལ་བ་བཅས། གང་ལྟར་ནང་སོ་མགོན་ཁང་ཞིག་གསོ་རན་པས་ཐུགས་རྒྱུད་བསྐུལ་བར་གདོན་མི་