R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༤
[A:༥༧༤]ཟ་བས། རྗེ་རྡོ་རྗེ་འཆང་ཆེན་གྱི་གསུང་ལས། ངེད་རང་ནས་གཞོན་དུས་ཡབ་ཆོས་ཕལ་ཆེར་གནས་གསར་རྡོ་རྗེ་འཆང་དང་བྲག་རྩ་རྗེ་ལས་ཐོབ་ཅིང༌། ཡབ་རྗེ་རྡོ་རྗེ་འཆང་སོགས་ཡོངས་འཛིན་ཁ་ཤས་ལས་ཡབ་ཆོས་འགའ་རེ་དང་གཞན་ཐོབ་རྒྱ་མི་དམན་ཙམ་དང༌། རང་ནས་ཀྱང་ཀྱེ་རྡོར། ཕུར་པ། གུར། ཞལ་སོགས་ཡི་དམ་ཆོས་སྲུང་ཁ་ཤས་ཀྱི་དུས་གྲངས་ཀྱི་བསྙེན་པ་ཡིད་ཆེས་སོང་ཞིང༌། རྒྱུན་དུའང་སྒོམ་བཟླས་མཆོད་གཏོར་བགྱིད་མུ་དང་ན་ཚོད་ཀྱང་དར་ཡོལ་དུ་སླེབས། གདུང་སྐུ་མཆེད་གེགས་མེད་དུ་བྱོན། གདན་སའི་ཁུར་རྒྱུན་རིང་བས་གང་ཡང་རྒྱུས་ཡོད། བོད་ཁམས་དུས་བདེ་ཞོད་འཇགས་རང་ཡིན་པ་བཅས་མཁར་ལས་བགྱིད་དུས་སྐབས་བབས་རང་ཡིན། གོང་བཤད་འོད་གསལ་ལ་པུ་ཏྲས་གནང་བ་སྩལ་བའི་དུས་ཐོག་དེ་ཡིན་པ་དགོངས་བཞིན་དུ་རེ་ཞིག་ཚོམས་ཆེན་ལྷོ་སྐྱ་ལས་གཞན་བཀའ་མ་སྩལ་ཞིང༌། ཇེ་ཞིག་ནས་མཛོད་འཛིན་པས་ནང་སོ་མ་བསྒུལ་ན་ཕུགས་སྐྱོན་ཆེན་དུ་འགྲོ་ཚུལ་གསོལ་བས་དེ་བཞིན་མཛད་རྒྱུའི་ཆ་གཞིར། སྐུ་དང་ཟངས་ཆེན་གདན་འདྲེན་དཀའ་ཞིང་འཚུབས་ལྷོངས་ཀྱང་བྱུང་དོགས་ཕལ་ཆེར་རྟབ་རྟབ་པོར་གྱུར་ཀྱང་རྗེ་ཉིད་ཀྱི་ཐུགས་རྗེ་ཁོ་ནས་སྐྱོན་ཡེ་མ་བྱུང་སྟེ། ལྷ་བཟོ་བ་ཟླ་འོད་སོགས་ལ་བཀའ་འདོམས་བཞིན་སྐུའི་སྒྲོན་དར་རྣམས་གྱེན་བརྫེས་ཀྱིས་བལྟས་པས་ཉམས་ཚོད་ཧ་ལམ་ལོངས་པས་གདན་འདྲེན་པར་ཐུགས་ཐག་ཆོད་དེ་རྗེ་ཉིད་ནས་ནང་སོར་གསུང་བསྐང་དང་འཛུགས་གཏོར་རྣམས་ཕུལ་སྐབས་དར་ཕོན་གྱེན་བརྫེས་ཀྱིས་ཞབས་གཉེས་ཕེབས་ལ་ཁད་དབུ་དུད་དུད་མཛད་པ་ལྟ་བུའི་ཚུལ་དུ་གཟིགས་པས། ཞམ་འབྲིང་པ་ཚོས་ད་ལམ་ཇི་གསུང་བཞིན་པུ་ཏྲ་རང་ཡང་ཕེབས་པ་ལ་མཉིས་པ་འདྲ་མོ་འདུག །ཅེས་ཞུས། དེ་ནས་རྗེ་ཉིད་ཀྱིས་སྨུག་ཆུང་ཞལ་འབག་དང་ཨ་མེས་ཞབས་སོགས་ཀྱིས་བཞེས་འབག་སྐུར་སྒྲོན་པའི་ཕྱག་མཚན་དར་ཕོན་རྣམས་བཅས་ཕལ་ཆེར་བསྡུ་བར་མཛད།