R196: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྟོགས་པ་ངོ་མཚར་འཕྲུལ་གྱི་རོལ་རྩེད་སྡེ་བཞིའི་འབྱུང་གནས།

  • Pagination (Witness A): ༥༧༢
[A:༥༧༢]ལོ་ཁམས་གང་ཡིན་དུ་གསལ་བ་དང༌། གཞན་ཡང་འཆར་འཕར་གྱི་ཐུགས་བྲེལ་དོན་ཡོད་རྣམས་རིམ་མཛད་ཀྱི་སྐབས་སོ། །དེ་དག་གི་དོན་བསྡུ་ན། བསྟན་སྲུང་དབུ་འཕང་བསྟོད་པའི་སྒྲ་དབྱངས་ཀྱིས། །སྡོམ་གསུམ་རྒྱན་ཕྲེང་སྤུད་པའི་འདུས་སྡེ་བོས། །ཤེས་རབ་ལྷ་མོའི་གཞིས་མགྲོན་དགའ་མགུའི་འཛུམ། །སྲས་བཅས་རྒྱལ་བ་མཆོད་པའི་རྒྱུན་དང་འགྲོགས། །མཐུ་ལྡན་རྒྱ་མཚོར་དུས་གཏོར་བར་མེད་དང༌། །རྒྱལ་ཁབ་བླ་ནར་འཕགས་པའི་མཚན་མ་གཟེངས། །དྲང་སྲོང་རྀ་ཥིའི་དུས་སྟོན་གཟིགས་མོ་ལས། །རྒྱུ་འབྲས་དོན་བསྟན་ཆོས་རྒྱལ་ཁྲིམས་ལུགས་བསྙད། །ནཻ་ཕལ་ཡི་ཡུལ་གྲུའི་མེ་ལོང་ལ། །སྔོན་གྱི་གནས་དང་ལྐོག་གྱུར་གཟུགས་བརྙན་ནི། །སྒྲིབ་མེད་གཟིགས་པའི་ཁྱབ་བདག་བླ་མ་རྗེ། །ཡེ་ཤེས་སྤྱན་ལྡན་ཉིད་དུ་བདེན་པར་ངེས། །ཞེས་ཀྱང་སྨྲས་སོ།། །། ༈ དགུང་གྲངས་བཞི་བཅུར་ཕེབས་པ་ས་བྱི་རྟ་ཟླའི་མཇུག་ཙམ་ལ་མཛོད་འཛིན་ཆུ་ཚན་ལ་ཕེབས། དབོ་མགོ་ནས་རྩ་འཆུས་སོགས་མི་བདེ་བའི་མུར། དེའི་ཉེར་གཅིག་སྔ་དྲོ་སྟེང་གྲིབ་བྱུང་ཚུལ་གསན་འཕྲལ་རྗེ་ཉིད་ནས་ཁྲུས་སྣ་སོགས་བརྩེ་སྐྱོང་དང་མཉམ་དུ་སྨན་རིམ་གྲོའི་བཀའ་འདོམས་རྣམས་ཚར་ཕྱིན་མཛད་ནས་རྣལ་འབྱོར་མར་ཕེབས། གུང་སང་སྔོན་མར་ཇེ་ལོད་མཆིས་ཚུལ་གསན་འཕྲལ་བྱས་པ་ཤེས་ཤིང་དྲིན་དུ་གཟོ་བ་དམ་པའི་རྣམ་ཐར་གྱིས་ཛ་ལུང་དཔོན་སློབ་གདན་འདྲེན་འཕྲལ་གནང་བཞིན་ཉེར་གཉིས་ས་རུབ་ཐོག་བྱོན་ཙམ་ལ་མཛོད་འཛིན་གཤེགས་ནག་ཟླའི་འགོར་ཀུན་རིག་སྒྲུབ་མཆོད་ཚོགས་དབུར་ཕེབས་ཏེ་གཤེགས་པོར་དགོངས་པའི་ཆོ་ག་ཐུགས་རུས་ཀྱིས་གསུང་ཤུགས་དང་བཅས་འདོན་པར་མཛད་པས་སྐུ་འཁྲུགས་ཀྱི་རྣམ་པས་མགུལ་ཆམ་བཞེས་ཚུལ་དང༌། དེ་ནས་སྔར་གྱི་གློ་ཚད་འཕར་ཉམས་ཀྱིས་ཟླ་ཕྱེད་ཙམ་མགུལ་གློ་ཐུགས་བསུན་ཅན་བཞེས་ཚུལ་ཡང་དམ་ཚིག་བསྐང་གསོའི་སྐབས་རིམ་གྱིས་སྙུན་ལས་གྲོལ། དེ་ནས་གནས་བཅུར་སྤྱན་གཟིགས་